དབུ་ཤོག>ཁྲིམས་ལུགས།
  • ལྷ་ས་གྲོང་ཁྱེར་ལྷོ་རིའི་སྤྱི་གླིང་གིས་ནམ་ཕྱེད་གྱང་འཛེགས་ནས་སྤྱི་གླིང་ནང་འཛུལ་མི་ཆོག་པའི་དྲན་སྐུལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-09

    དབྱར་ཁ་སླེབས་པ་དང་བསྟུན་ནས་ལྷ་ས་གྲོང་ཁྱེར་གྱི་ལྷོ་རིའི་སྤྱི་གླིང་དུ་སྤྲོ་གསེང་ལ་ཡོང་མཁན་གྲོང་མི་དང་ཡུལ་སྐོར་བ་མང་དུ་འགྲོ་བཞིན་ཡོད། ལྷོ་རིའི་སྤྱི་གླིང་གི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཉིན་ལྟར་ལྷོ་རིའི་སྤྱི་གླིང་དུ་སྤྲོ་གསེང་ལ་ཡོང་མཁན་ཆ་སྙོམས་མི་ཐེངས་1000ལྷག་ཙམ་ཟིན་པ་དང་། དུས་ཆེན་དང་ངལ་གསོའི་རིང་མི་ཐེངས་4000ལྷག་ཙམ་ཟིན་གྱི་ཡོད། ཉེ་ཆར་ལྷོ་རིའི་སྤྱི་གླིང་གི་ལས་དོན་མི་སྣས་མཚན་མོར་ཡུལ་སྐོར་བ་དང་གྲོང་མི་ཚོས་གྱང་འཛེགས་ནས་སྤྱི་གླིང་ནང་འཛུལ་བ་མཐོང་བ་རེད། ལས་དོན་མི་སྣས་དེ་ལྟར་བྱས་ན་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པས་རྒྱ་ཆེའི་གྲོང་མི་ཚོས་ལྷོ་རིའི་སྤྱི་གླིང་དུ་སྤྲོ་གསེང་བྱེད་པའི་དུས་ཚོད་ཀྱི་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས་པ་དང་། བསམ་ཡུལ་ལས་འདས་པའི་གནས་ཚུལ་མི་ཐོན་པར་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།

    ལྷོ་རིའི་སྤྱི་གླིང་གི་ལས་དོན་མི་སྣ་བཀྲ་ཤིས་ཆོས་འཕེལ་གྱིས་མཚན་མོར་ལྷོ་རིའི་སྤྱི་གླིང་གི་རྒྱལ་སྒོ་རྒྱག་གི་ཡོད་པས། ཡུལ་སྐོར་བ་འགའ་ཞིག་གིས་མཚན་མོར་གྱང་ལ་འཛེགས་ཏེ་སྤྱི་གླིང་དུ་འཛུལ་བའམ་ཕོ་བྲང་པོ་ཏ་ལའི་མཚན་ལྗོངས་པར་ལེན་པ་རེད། ད་དུང་སློབ་མ་ཁ་ཤས་ཀྱིས་ནམ་ཕྱེད་ཆུ་ཚོད་དང་པོ་གཉིས་པ་ཙམ་ལ་སྤྱི་གླིང་དུ་འཛུལ་ནས་རྩེད་འཇོར་རོལ་གྱི་ཡོད། ཉེ་ཆར་ལྷ་སར་འབྲུག་ཆར་མང་བས་འདམ་རྡོའི་ཆུ་རུད་སོགས་རང་བྱུང་གི་གནོད་འཚེ་ཐོན་སླ་བའི་ཁར། རི་ལམ་ཀྱག་ཀྱོག་ཡིན་པ་དང་མུན་པ་ནག་པའི་དབང་གིས་ལམ་འཛོལ་སླ་པོ་ཡོད། གཞན་ཡང་རི་སྟེང་དུ་ཁྲོན་པ་འདྲུ་བཞིན་ཡོད་པས་མཚན་མོར་འགྲོ་སྐྱོད་བྱེད་པར་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་ཅེས་ངོ་སྤྲོད་བྱས།

    དེ་དང་ཆབས་ཅིག་ལྷོ་རིའི་སྤྱི་གླིང་གི་ལས་དོན་མི་སྣས་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བར་དྲན་སྐུལ་བྱས་དོན། ལྷོ་རིའི་སྤྱི་གླིང་དུ་དབྱར་དུས་སྤྲོ་གསེང་བྱེད་པའི་དུས་ཚོད་ནི། 8:00ནས་20:30བར་ཡིན་པ་དང་། ཆུ་ཚོད་20:00ཡི་རྗེས་སུ་ཡུལ་སྐོར་བ་ནང་དུ་གཏོང་མཚམས་བཞག་ནས་སྤྱི་གླིང་ནང་ཁུལ་དུ་གཙང་སྦྲ་བྱེད་ཀྱི་ཡོད། ཚང་མས་སྤྱི་གླིང་དུ་སྤྲོ་གསེང་བྱེད་པའི་དུས་ཚོད་ལ་དོ་སྣང་བྱེད་དགོས་པ་དང་། མཚན་མོར་ལྷོ་རིའི་སྤྱི་གླིང་དུ་འཛུལ་ནས་བསམ་ཡུལ་ལས་འདས་པའི་གནས་ཚུལ་མི་ཐོན་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།