དབུ་ཤོག>ཁྲིམས་ལུགས།
  • འབྲི་རུའི་ཉེན་རྟོག་པས་ལོ་10ཙམ་ཁ་ཐོར་དུ་སོང་བའི་ཕ་བུ་མཉམ་འཛོམས་ཡོང་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-02

    ཉེ་ཆར། ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་སྤྱི་བདེ་ཅུས་ཤག་ཆུ་ཁའི་རིམ་པ་དང་པོའི་བདེ་འཇགས་ཞིབ་བཤེར་ས་ཚིགས་དང་ཤག་ཆུ་གྲོང་རྡལ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་གཞོགས་འདེགས་ཧུར་ཐག་བྱས་པ་བརྒྱུད། ལོ་བཅུ་ཙམ་ཁ་ཐོར་དུ་སོང་བའི་ཕ་བུ་མཉམ་འཛོམས་བྱུང་བ་རེད།

    དེ་ཡང་ཟླ་7ཚེས་13ཉིན། ཤག་ཆུ་ཁ་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་ལས་དོན་སྒྲུབ་སྐབས། རྒད་པོ་ཞིག་གིས་རྐང་འཁོར་རྙིང་པ་ཞིག་བཏང་ནས་འགྲོ་བ་མཐོང་སྐབས་རྒད་པོར་རོགས་རམ་དགོས་མིན་སྐད་ཆ་དྲིས། རྒད་པོའི་མིང་དང་། ལོ། ཁྱིམ་གྱི་སྡོད་གནས་བཅས་ཤེས་རྟོགས་བྱེད་སྐབས་རྒད་པོས་རང་ཉིད་ཧོ་པེ་ནས་ལྷ་སར་ཡོང་བ་མ་གཏོགས་གཞན་གང་ཡང་གསལ་པོ་ཤོད་ཐུབ་ཀྱི་མེད་པ་རེད། ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་རྒད་པོ་ལུས་སེམས་གཉིས་ཀ་ཐང་པོ་མེད་པ་ཤེས་རྗེས་འཕྲལ་མར་རྒད་པོ་ཤག་ཆུ་གྲོང་རྡལ་མངགས་གཏོང་ཁང་དུ་ངལ་གསོ་བར་བསྐྱལ་བ་དང་འབྲེལ། ཉེན་རྟོག་པར་གནས་ཚུལ་ཞིབ་ཕྲ་གསལ་བཤད་བརྒྱབ་པ་རེད། མངགས་གཏོང་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་རྗེས་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་རྒད་པོའི་གཉེན་ཉེ་འཚོལ་རོགས་བྱས། མི་དམངས་ཉེན་རྟོག་པས་ཕྱོགས་མང་པོ་ནས་རྩད་བཅད་པ་བརྒྱུད། ཟླ་7ཚེས་14ཉིན་རྒད་པོའི་བུ་ཀྲང་ཆེ་གེ་མོ་དང་འབྲེལ་བ་བྱེད་ཐུབ་ཡོད། ཞིབ་བསྡུར་བྱས་རྗེས་རྒད་པོ་དེ་ཀྲང་ཆེ་གེ་མོའི་ལོ་མང་ཁ་ཐོར་དུ་སོང་བའི་པ་ཕ་ཡིན་པ་གཏན་འཁེལ་བྱུང་།

    ཤེས་རྟོགས་བྱས་པ་བརྒྱུད། རྒད་པོ་2013ལོའི་ཟླ་10པར་ཧོ་པེ་ནས་ལེའོ་ཉིང་ཏ་ལན་དུ་དངོས་ཟོག་ཉོ་བར་བསྐྱོད་རྗེས་ནང་མི་དང་འབྲེལ་བ་ཆད་ཅིང་། དེ་གོང་ནང་མིས་པེ་ཅིང་དང་། ཤིན་ཅང་། བོད་སོགས་ལ་ལོ་མང་བཙལ་ཡང་རྙེད་མེད།

    ལོ་བཅུ་ཙམ་ཁ་ཐོར་དུ་སོང་བའི་པ་ཕ་རྙེད་རྗེས། ཀྲང་ཆེ་གེ་མོ་དགའ་ཐག་ཆོད་ནས་མི་དམངས་ཉེན་རྟོག་པར་ཐུགས་རྗེ་ཆེ་ཡང་ཡང་ཞུས་པ་མ་ཟད། གང་མགྱོགས་མངགས་གཏོང་ཁང་དུ་པ་ཕ་བསུ་བར་ཡོང་གི་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།