རང་ལྗོངས་ཀྱིས“ཇ་ལོའི་ཐ་མག”སོགས་རིགས་འདྲའི་ཐ་མག་ལ་ཆེད་དོན་བཅོས་སྒྲིག་བྱ་རྒྱུ་ཡིན་པ།
འདི་ནི་ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱིས་ཁྲོམ་རའི་ལྟ་འདོམས་སྡེ་ཚན་དང་མཉམ་དུ་རིགས་འདྲའི་ཐ་མག་ལ་ཁྲིམས་འཛིན་ཞིབ་བཤེར་བྱེད་བཞིན་པ།
རྒྱལ་ཁབ་རྡོ་ཐ་ཆེད་ཚོང་ཅུས་ཀྱི་གཅིག་གྱུར་བཀོད་སྒྲིག་ལ་གཞིགས་ནས། ཉེ་ཆར་རང་སྐྱོང་ལྗོངས་རྡོ་ཐ་ཆེད་ཚོང་ཅུས་ཀྱིས་ཆེད་དོན་བྱ་སྤྱོད་སྤེལ་བའི་ཇུས་གཞི་བཀྲམ་ནས“ཇ་ལོའི་ཐ་མག”སོགས་རིགས་འདྲའི་ཐ་མག་ཐོན་རྫས་ལ་ཆེད་དོན་བཅོས་སྒྲིག་བྱས་ཏེ། རྡོ་ཐའི་མ་བཅོས་རྒྱུ་ཆའི་རིགས་འདྲའི་ཐ་མག་ཁྲིམས་འགལ་ངང་ཐོན་སྐྱེད་ཚོང་གཉེར་དང་། བུལ་ཏོག་འདུས་པའི་རིགས་འདྲའི་ཐ་མག་ཁྲིམས་འགལ་ངང་ཐོན་སྐྱེད་ཚོང་གཉེར། རྡོ་ཐ་ཆེད་ཚོང་ཐོན་རྫས་ཁྲིམས་འགལ་ངང་ཚོང་གཉེར། དབང་ཆར་བཙན་གནོད་ཀྱི་རིགས་འདྲའི་ཐ་མག་ཁྲིམས་འགལ་ངང་ཐོན་སྐྱེད་ཚོང་གཉེར། དྲ་ཐོག་ཏུ་ཐ་མག་དང་འབྲེལ་བའི་ཆ་འཕྲིན་ཁྲིམས་འགལ་ངང་གཏོང་བ་དང་དྲ་ཐོག་ཏུ་ཁྲིམས་འགལ་ངང་ཐ་མག་འཚོང་བ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས་རྡོ་ཐ་ཆེད་ཚོང་ཁྲོམ་རའི་ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་གཏོང་རྒྱུ་ཡིན་པ་རེད།
རྒྱུན་གཏན་འཚོ་བའི་ཁྲོད་མི་རྣམས་ལ་རྒྱུས་མངའ་ཆེ་བའི་བསྒྲིལ་ཐ་དང་། གློག་རྡུལ་ཐ་མག་སོགས་དང་བསྡུར་ཚེ། མི་མང་པོ་ཞིག་གིས“ཇ་ལོའི་ཐ་མག”ལ་རྒྱུས་མངའ་དེ་ཙམ་མེད། རང་སྐྱོང་ལྗོངས་རྡོ་ཐ་ཆེད་ཚོང་ཅུས་ཀྱི་འགན་འཁུར་བ་གཙོ་བོས་ངོ་སྤྲོད་བྱས་པ་ལྟར་ན། “ཇ་ལོའི་ཐ་མག”ནི་ཇ་ལོ་རྡོ་ཐར་བརྩིས་ནས་འཐེན་པ་ལ་ཟེར་བ་དང་། སྤྱིར་ཇ་ལོ་རྒྱུ་ཆ་གཙོ་བོར་བྱས་པའི་ཁར་རྩྭ་དག་ཅི་དང་དྲི་ཞིམ་རྫས་སམ་ཡང་ན་མེ་ཏོག་ལུག་མིག་སོགས་བསྲེས་ནས་བཟོས་ཤིང་། དེའི་ཐུམ་སྒྲིལ་གྱི་བཟོ་ལྟ་དང་། འཐེན་སྟངས། དྲི་བཅས་ཚང་མ་རྒྱུན་གཏན་གྱི་བསྒྲིལ་ཐ་དང་འདྲ་པོ་ཡོད། “ཇ་ལོའི་ཐ་མག”གིས་སྤྱིར་གཟུགས་པོར་གནོད་སྐྱོན་མེད་པར་བཤད་ན་ཡང་། དོན་དངོས་སུ་ཇ་ལོ་སྲེག་པའི་སྐབས་གནོད་ལྡན་དངོས་པོ་ཐོན་པས། ལྟ་ཞིབ་ཚད་ལེན་བྱས་པ་ལྟར་ན། “ཇ་ལོའི་ཐ་མག”ཁག་གཅིག་ལ་འཚིག་སྣུམ་འདུས་ཚད་ཚད་ལས་བརྒལ་བ་དང་། ཐ་ན་རྒྱུན་གཏན་གྱི་བསྒྲིལ་ཐ་ལས་ཀྱང་མཐོ་བ་ཡོད་པ་རེད།
རང་སྐྱོང་ལྗོངས་རྡོ་ཐ་ཆེད་ཚོང་ཅུས་ཀྱིས། “ཇ་ལོའི་ཐ་མག”སོགས་རིགས་འདྲའི་ཐ་མག་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་ནས་འཚོང་བ་དང་། རྡོ་ཐའི་ཐོན་རྫས“རྫུན་མའི”མིང་འཁྱེར་བ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་མཐའ་གཅིག་ཏུ་བཅོས་སྒྲིག་བྱས་ཏེ། རྒྱལ་ཁབ་ཀྱི་ཁེ་ཕན་དང་འཛད་སྤྱོད་པའི་ཁེ་ཕན་ལ་གནོད་འཚེ་མི་ཕོག་པ་དང་། རིགས་འདྲའི་ཐ་མག་འཚོང་བའི་ཁྲིམས་འགལ་བྱེད་སྤྱོད་ཐོན་མ་ཐག་མཐའ་གཅིག་ཏུ་བཀག་ནས་རྡོ་ཐའི་ཁྲོམ་རའི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་རིང་། རང་སྐྱོང་ལྗོངས་རྡོ་ཐ་ཆེད་ཚོང་ཅུས་ཀྱིས་སྐུལ་སློང་བཀོད་སྒྲིག་དང་། གཅིག་སྡུད་བཅོས་སྒྲིག ཕྱོགས་སྡོམ་རིམ་སྤོར་བཅས་ཀྱི་དུས་རིམ་གསུམ་གྱི་བཀོད་སྒྲིག་གི་བླང་བྱར་གཞིགས་ནས། དྲ་ཐོག་དྲ་ཕྱི་མཉམ་དུ་བཅོས་སྒྲིག་མཐའ་འཁྱོངས་ཀྱིས་གཙང་སེལ་དག་ཐེར་དང་རྡུང་རྡེག་ཞིབ་གཅོད་ལ་སྤྱི་འདོམས་སྐུལ་སྤེལ་བཏང་སྟེ། རྡོ་ཐའི་མ་བཅོས་རྒྱུ་ཆ་འདུས་པའི་རིགས་འདྲའི་ཐ་མག་ཁྲིམས་འགལ་ངང་ཐོན་སྐྱེད་ཚོང་གཉེར་དང་། བུལ་ཏོག་འདུས་པའི་རིགས་འདྲའི་ཐ་མག་ཁྲིམས་འགལ་ངང་ཐོན་སྐྱེད་ཚོང་གཉེར། རྡོ་ཐའི་ཆེད་ཚོང་ཐོན་རྫས་ཁྲིམས་འགལ་ངང་ཚོང་གཉེར། དབང་ཆ་བཙན་གནོད་ཀྱི་རིགས་འདྲའི་ཐ་མག་ཁྲིམས་འགལ་ངང་ཐོན་སྐྱེད་ཚོང་གཉེར། དྲ་ཐོག་ཏུ་ཐ་མག་དང་འབྲེལ་བའི་ཁྲིམས་འགལ་ཆ་འཕྲིན་གཏོང་བ་དང་དྲ་ཐོག་ཏུ་ཁྲིམས་འགལ་ངང་ཐ་མག་འཚོང་བ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ་ཡིན་པ་རེད།
རང་སྐྱོང་ལྗོངས་རྡོ་ཐ་ཆེད་ཚོང་ཅུས་ཀྱིས་འཕེལ་སྒྱུར་ཨུ་ལྷན་དང་། ཁྲོམ་ར་ལྟ་འདོམས། སྤྱི་བདེ། ཞིབ་དཔྱོད། ཁྲིམས་ཁང་སོགས་སྡེ་ཚན་དང་མཐུན་སྦྱོར་བྱས་ནས“ཇ་ལོའི་ཐ་མག”སོགས་རིགས་འདྲའི་ཐ་མག་གི་མ་བཅོས་རྒྱུ་ཆ་དང་ཐོན་ཟོག་ཐོན་སྐྱེད་དང་། བྲིན་ཚོང་སོགས་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོར་དམིགས་ནས་ཁྲིམས་འཛིན་ལྟ་འདོམས་དང་ཁྲིམས་འགལ་བྱེད་སྤྱོད་ལ་མཉམ་དུ་གྲལ་བཤེར་དག་ཐེར་བྱས་ཏེ་ཐད་གཏོང་དང་འཕྲིན་ཚོང་། བརྙན་ཐུང་། ཚོང་སྒྱུར་སྤྱི་རྟགས་སོགས་གསར་དུ་དར་ཞིང་མངོན་ཆུང་ངང་འཚོང་ཐབས་བྱེད་པའི་རྒྱབ་ཕྱོགས་ཀྱི་བཟོ་ཚོང་དངོས་ཚན་དང་དྲ་བ་སྔོག་འདོན་བྱེད་པའི་ཁར། ཁྲིམས་ལས་འགལ་བའི་ཉེས་གསོག་གྱོད་གཞི་ཁྲིམས་བཞིན་ཞིབ་བཤེར་ཐག་གཅོད་དང་། ཁྲིམས་འགལ་ངང་ཐོན་སྐྱེད་དང་ཚོང་གཉེར་བྱེད་སྒོ་སྤེལ་མཚམས་འཇོག་དགོས་པའི་བཀའ་གཏོང་བ། མཛོད་ཉར་ཐོན་ཟོག་ལ་ཁྲིམས་བཞིན་བཀག་སྡོམ་ཉར་ཚགས་དང་མེད་པར་བཟོས་ཏེ་ཐོན་སྐྱེད་ཀྱི་འབྱུང་རྩ་དང་སིལ་ཚོང་གི་ཁྲོམ་ར་མཉམ་དུ་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
རང་སྐྱོང་ལྗོངས་རྡོ་ཐ་ཆེད་ཚོང་ཅུས་ཀྱིས། རྒྱུན་གཏན་གྱི་བསྒྲིལ་ཐ་ལ་རྒྱལ་ཁབ་ཀྱི་ཚད་གཞི་ནན་པོ་ཡོད་ཀྱང་། “ཇ་ལོའི་ཐ་མག”སོགས་རིགས་འདྲའི་ཐ་མག་་ལ་ཐོན་རྫས་སྤུས་ཚད་ཀྱི་ཚད་གཞི་གཅིག་གྱུར་མེད་པའི་ཁར་འཚིག་སྣུམ་འདུས་ཚད་སོགས་ཀྱི་ཚད་གཞི་ཚད་ལས་འགལ་བས། མི་དམངས་མང་ཚོགས་ཀྱི་གཟུགས་གཞིའི་བདེ་ཐང་དང་ནར་མ་སོན་པའི་མིའི་ལུས་སེམས་བདེ་ཐང་ལ་གནོད་པ་ཡོད་པས། ཐ་མག་མ་ཉོས་གོང་ངེས་པར་དུ་རྫུན་མ་ཡིན་མིན་གསལ་འབྱེད་བྱས་ནས་འདེམས་ནོར་མ་ཤོར་བ་བྱེད་དགོས་ཞེས་རྒྱ་ཆེའི་འཛད་སྤྱོད་པར་དྲན་སྐུལ་བྱས།