དབུ་ཤོག>ཁྲིམས་ལུགས།
  • “རི་མཐོའི་སོ་ལྟ་ཁང”དུ་བརྩེ་སེམས་ཀྱིས་ཡོངས་སུ་ཁེངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-19

    3cac430e-7163-42ff-8afd-7784e72cc9b3.jpg.jpg

    འདི་ནི་བྲག་ཉག་སོ་ལྟ་ཁང་གི་དཔོན་དམག་གིས་གངས་རླུང་ཁྲོད་སོ་ལྟ་བྱེད་བཞིན་པ།

    ebdcc605-97f9-4db1-bf9f-0feefd4e74eb.jpg.jpg

    འདི་ནི་ཨ་མ་རྒན་མོ་གསུམ་སོ་ལྟ་ཁང་དུ་སྐྱོད་བཞིན་པ།

    41ab0c70-032c-4713-8db0-cb2e6f611f5c.jpg.jpg

    འདི་ནི་བྲག་ཉག་སོ་ལྟ་ཁང་གི་དཔོན་དམག་གིས་ལས་སྒྲུབ་སོ་ལྟ་བྱེད་བཞིན་པ།

    གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་རིན་ཆེན་སྒང་གྲོང་ཚོའི་ཡུལ་མི་ཚེ་རིང་ཆོས་སྒྲོན་གྱི་སྡོད་ཁང་གསར་པར་སྐྱོད་སྐབས། ཐབ་ཚང་ནང་དུ་ལོ་69ལ་སླེབས་པའི་ཚེ་རིང་ཆོས་སྒྲོན་དང་། ལོ་63ལ་སླེབས་པའི་བདེ་སྐྱིད། ལོ་61ལ་སླེབས་པའི་བུ་ཁྲིད་བཅས་གསུམ་པོས་གྲོ་ཞིབ་གཡོ་བ་དང་། མེ་གཏོང་བ། སྣུམ་བཀྲག་བག་ལེབ་བཟོ་བ་སོགས་རང་སོ་སོའི་ལས་ལ་བྲེལ་བཞིན་འདུག ཨ་མ་རྒན་མོ་གསུམ་པོས་བཟོས་པའི་བོད་རིགས་ཀྱི་ཁྱད་ལྡན་ཟས་རིགས་དེ་དག་བྲག་ཉག་སོ་ལྟ་ཁང་གི“ལོ་ཆུང་དམག་མི”ཚོར་སྐྱེལ་རྒྱུ་ཡིན་ཞིང་། “ལོ་ཆུང་དམག་མི་ཚོས་ང་ཚོས་བཟོས་པའི་སྣུམ་བཀྲག་བག་ལེབ་ཟ་རྒྱུར་ཧ་ཅང་དགའ་པོ་འདུག་ལ། ས་ཆ་གཞན་དུ་ང་ཚོའི་བག་ལེབ་ཞིམ་པོ་དེ་འདྲ་མཐོང་རྒྱུ་མི་འདུག་ཟེར་གྱི་འདུག”ཅེས་བུ་ཁྲིད་ཀྱིས་བཤད།

    1982ལོ་ནས་བཟུང་། ཁོང་ཚོས་བྲག་ཉག་སོགས་ས་བབ་མཐོ་ཚད་སྨི་4500ལྷག་ཙམ་ཟིན་པའི་སོ་ལྟ་ཁང་6ལ་སྔོ་ཚལ་དང་ཡི་གེ་བསྐྱལ་བ་དང་། བཅིངས་འགྲོལ་དམག་གི་དཔོན་དམག་ཚོས་ཁོམ་པ་ཡོད་རིམ་བཞིན་ཨ་མ་རྒན་མོ་གསུམ་པོར་ལས་ཀ་བྱེད་རོགས་བྱེད་པ་མ་ཟད། ད་དུང་ཡུལ་མི་ཚོར་བཙས་མ་བརྔ་རོགས་ཀྱང་བྱེད་ཀྱི་ཡོད། ལོ་40ཡི་རིང་། དམག་བཀུར་མཐའ་སྲུང་དང་དམག་དམངས་དབར་ཉ་ཆུ་ལྟ་བུའི་བརྩེ་སེམས་ཟབ་མོ་ལྡན་པའི་བསྟོད་གླུ་གངས་ལྗོངས་ས་མཐོའི་ཡུལ་གྲུ་ཀུན་ཏུ་གྲགས་བཞིན་མཆིས།

    “སོ་ལྟ་ཁང་གི་དཔོན་དམག་ཚོས་མཐའ་མཚམས་མ་བསྲུངས་ན་ང་ཚོར་དུས་བདེ་ཞི་འཇཌ་མེད”

    སོ་ལྟ་ཁང་གི་དཔོན་དམག་ཚོར་ལོ་གསར་གྱི་མཁོ་ཆས་སྐྱེལ་རྒྱུ་དེ་ཨ་མ་རྒན་མོ་གསུམ་པོའི་ལོ་མང་རིང་གི་གོམས་གཤིས་ཤིག་ཏུ་གྱུར་ཞིང་། 1982ལོར་ལོ་23ལ་སོན་པའི་བདེ་སྐྱིད་གྲོ་མོར་མནའ་མར་བསླེབས། ཐེངས་ཤིག ཁོ་མོ་དང་གྲོང་ཚོ་གཅིག་པའི་ཚེ་རིང་ཆོས་སྒྲོན་དང་བུ་ཁྲིད་མཉམ་དུ་རི་སྟེང་དུ་སྨན་རྩྭ་འཐུ་བར་སྐྱོད་སྐབས། རི་མཐོ་ལ་གཡང་གཟར་བའི་ཁར་བདེ་སྐྱིད་ཀྱིས་ཡིད་གཟབ་མ་བྱས་པའི་དབང་གིས་བྲག་ནས་ལྷུངས་ཏེ་རྐང་པ་གཡོན་མར་རྨས་སྐྱོན་ཕོག ཁོང་ཚོ་གསུམ་པོ་གངས་ཁྲོད་དུ་ཕན་ཚུན་འཐམས་ནས་ངུ་བཞིན་སྡོད་པའི་དུས། སྟབས་ལེགས་པ་ཞིག་ལ་རི་ཁུལ་དུ་སྐོར་གཡེང་བྱེད་མཁན་སོ་ལྟ་ཁང་གི་དཔོན་དམག་ཚོ་ཐུག་ནས་ཁོང་ཚོས་རོགས་སྐྱོབ་བྱས་པ་བརྒྱུད་གཞི་ནས་ཉེན་ཁ་ལས་ཐར། དུས་དེ་ནས་བཟུང་། ཁོང་ཚོས་ངེས་པར་དུ་རི་སྟེང་དུ་སོ་ལྟ་བྱེད་བཞིན་པའི་བཅིངས་འགྲོལ་དམག་མིའི་དྲིན་ལན་འཇལ་རྒྱུར་ཁ་འཆམ།

    “སྐབས་དེར་རང་ཁྱིམ་དུ་བཏབ་པའི་པད་ཚལ་དང་། ལ་ཕུག ཞོག་ཁོག་སོགས་ཧ་ལམ་རྒྱ་མ་སུམ་ཅུ་བཞི་བཅུ་ཙམ་འཁྱེར་བ་ཡིན། ཐོ་རེངས་ཆུ་ཚོད་བཞི་དང་ཕྱེད་ཀ་ཙམ་ལ་ཐོན་ཏྥ་ཕྱི་དྲོའི་ཆུ་ཚོད་གཉིས་པར་གཞི་ནས་འབྱོར་བྱུང”ཞེས་བདེ་སྐྱིད་ཀྱིས་བཤད། དུས་དེ་ནས་བཟུང་། ཨ་མ་རྒན་མོ་གསུམ་པོས་གཟའ་འཁོར་རེའམ་ཡང་ན་ཟླ་ཕྱེད་རེར་བྲག་ཉག་སོགས་ཉེ་འགྲམ་གྱི་ས་བབ་མཐོ་ཚད་སྨི་4500ཡན་གྱི་སོ་ལྟ་ཁང་6ལ་ཚལ་རིཌ་སྐྱེལ་རྒྱུའི་ཁ་ཆད་བྱས།

    ཨ་མ་རྒན་མོ་གསུམ་པོའི་སྣེ་ཁྲིད་འོག་རྒྱལ་གཅེས་དམག་བཀུར་བྱ་རྒྱུ་དེ་རིམ་བཞིན་རིན་ཆེན་སྒང་གྲོང་ཚོའི་ཡུལ་མི་ཚོའི་རང་རྟོཌ་ཀྱི་བྱ་སྤྱོད་ཅིག་ཏུ་གྱུར་ཡོད། ཨ་མ་རྒན་མོ་གསུམ་ལ་ཁྱོན་ཕྲུ་གུ་7ཡོད་པའི་ནང་ནས་5སྔ་རྗེས་སུ་སློབ་གྲྭ་ཆེ་མོར་རྒྱུགས་འཕྲོད་པ་དང་། ཕྲུ་གུ་ལ་ལ་ས་ཆ་གཞན་དུ་ལས་ཀ་བྱེད་ཀྱི་ཡོད་མོད། འོན་ཀྱང་གྲོང་ཚོར་འབྱོར་མ་ཐག་སོ་ལྟ་ཁང་དུ་སྔོ་ཚལ་སྐྱེལ་རོགས་བྱེད་ཀྱི་ཡོད། རི་ལ་མ་ཐོན་གོང་ཡུལ་མི་ཚོས་རང་ཁྱིམ་གྱི་ཚལ་ཞིང་ནས་སྔོ་ཚལ་སོས་པ་བཀོག་སྟེ་ཨ་མ་གསུམ་པོའི་སར་བསྐྱལ་ནས་སོ་ལྟ་ཁང་གི་དཔོན་དམག་ཚོར་སྤྲོད་རོགས་ཞེས་མངགས་ཀྱི་ཡོད།

    “ང་ཚོའི་འཚོ་བའི་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་པས་ཨ་མ་ཚོ་བློ་བདེ་པོ་བྱེད་ཆོག”

    ཧི་མ་ལ་ཡའི་ལྷོ་འདབས་སུ་གནས་པའི་བྲག་ཉག་སོ་ལྟ་ཁང་གི་ས་བབ་མཐོ་ཚད་སྨི་4600ལྷག་ཙམ་ཟིན་པས“རི་མཐོའི་སོ་ལྟ་ཁང”ཞེས་འབོད་ཅིང་། དེ་གར་བྱ་རྒོད་ཀྱང་འཕུར་མི་ཐུབ་ཅེས་ཟེར་སྲོལ་ཡོད། དེ་ལས་གནས་དེའི་ས་བབ་མཐོ་ཞིང་གཡང་གཟར་བ་དང་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་ཐད་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པ་ཤེས་ཐུབ།

    “དེ་སྔ་རི་སྟེང་གི་གངས་བཞུས་ནས་ལྟོ་ཆུ་བྱེད་དགོས”ཞེས་ཡར་སྔོན་གྱི་འཚོ་བའི་སྐོར་གླེང་དུས་བྲག་ཉག་སོ་ལྟ་ཁང་ལོ་10བརྟན་སྲུང་བྱེད་མཁན་དམག་མི་རྒན་གྲས་ཧྥན་ཀྲའོ་ཧྥུའུ་ཡིས་མྱོང་ཚོར་ཟབ་མོས་བཤད། བྲག་ཉག་སོ་ལྟ་ཁང་དུ་ཁ་བ་ཆེན་པོ་འབབ་སྐབས་ལོ་གཅིག་ནང་ཉུང་མཐར་ཡང་ཟླ་6རི་རྒྱ་སྡོམ་གྱི་ཡོད་པས། འཐབ་འཛིང་པ་ཚོ་ཧ་ལམ་འཇིག་རྟེན་འདི་དང་འབྲེལ་བ་ཆད་པ་ལྟར་གྱུར་ཅིང་། བཟའ་འཐུང་ཐེབས་ཆག་ལས་མེད་ཁར་ལག་ཐོགས་ཁ་པར་གྱི་བརྡ་རྟགས་བརྟན་པོ་མེད་པས་འཚོ་བ་ཧ་ཅང་དཀའ་ཚེགས་ཆེན་པོ་ཡོད།

    འདི་ལོའི་དཔྱིད་གསར་དུས་ཆེན་གོང་། གསར་འགོད་པས་བྲག་ཉག་སོ་ལྟ་ཁང་གི་རི་རྩེར་བརྟན་སྲུང་བྱེད་མཁན་མཐའ་སྲུང་དཔོན་དམག་ལ་བཅར་འདྲི་བྱེད་སྐབས། སོ་ལྟ་ཁང་གི་འཚོ་བའི་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་པ་ཤེས་རྟོགས་བྱུང་། “ལོ་འདི་དག་རིང་ང་ཚོའི་སོ་ལྟ་ཁང་ལ་ཆུ་གློག་ལམ་དང་འཕྲིན་གཏོང་དྲ་བ་སོགས་རྨང་གཞིའི་སྒྲིག་བཀོད་བརྟན་ཞིང་ཡག་ལ། གསང་སྤྱོད་དང་། ཐབ་ཚང་། སྨན་ཁང་སོགས་ཚང་མ་འཛོམས་པ་མ་ཟད། ད་དུང་རིག་གནས་རོལ་རྩེད་ཁང་དང་དཔེ་དེབ་ཁང་སོགས་སྤྲོ་གསེང་ཁུལ་ཡང་ཡོད། ང་ཚོའི་འཚོ་བའི་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་པས་ཨ་མ་ཚོ་བློ་བདེ་པོ་བྱེད་ཆོག”ཅེས་བྲག་ཉག་སོ་ལྟ་ཁང་གི་པན་ཀྲང་ཁྲང་ཁོ་ཡིས་དགའ་ཚོར་ཆེན་པོས་བཤད།

    “སྐལ་བཟང་མེ་ཏོག་ཇི་བཞིན་མཐའ་མཚམས་སུ་རྩ་བ་ཚུགས་ནས་ཇི་ཙམ་བཞད་པ་དེ་ཙམ་གྱིས་མཛེས་སྡུག་ལྡན་པ་ཞིག་ཡོང་བར་བྱེད་དགོས”

    དུས་རབས་གསར་པར་སླེབས་རྗེས། ས་མཐོའི་དཔུང་སྡེའི་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ཆ་རྐྱེན་ལེགས་སུ་ཤུགས་ཆེན་ཕྱིན་ཞིང་། འཐབ་འཛིང་པ་ཚོས་ལོ་ན་མཐོ་བའི་ཨ་མ་ཚོར་ཚལ་རིགས་སྐྱེལ་མི་དགོས་པའི་ཁ་ཏ་བསླབ་བྱ་བྱས་མོད། འོན་ཀྱང་ཁོང་ཚོས་སོ་ལྟ་ཁང་གི“ལོ་ཆུང་དམག་མི”ཚོ་སྔར་བཞིན་མ་བརྗེད་སེམས་དབུས་སུ་བཅངས་ཡོད།

    2007ལོར་བྲག་ཉག་སོ་ལྟ་ཁང་གནས་སར་གངས་རྡིབ་བརྒྱབ་ནས་འཐབ་འཛིང་པ་3སྐུ་གཤེགས། ལམ་ཐག་རིང་བས་སྔོན་གཤེགས་དཔའ་བོའི་ནང་མི་ལོ་ལྟར་བོད་དུ་དུར་ཕྱགས་བྱེད་པར་ཡོང་ཐུབ་ཀྱི་མེད་སྟབས། ཨ་མ་རྒན་མོ་གསུམ་པོས་ལོ་ལྟར་དྭངས་གསལ་དུས་ཚིགས་ཤར་སྐབས་དུར་ཕྱགས་བྱེད་པར་འགྲོ་གི་ཡོད་ཅིང་། ལོ་15ཡི་རིང་དུར་ཕྱགས་བྱེད་མཚམས་གཏན་ནས་འཇོག་མྱོང་མེད།

    2014ལོའི་ལོ་མཇུག་ཏུ་སྐབས་དེ་དུས་བྲག་ཉག་སོ་ལྟ་ཁང་གི་སློབ་སྟོན་པའི་འགན་འཁུར་མཁན་མའོ་ཁྲའོ་དབྱང་གི་བཟའ་ཟླས་བུ་མོ་ཁྲིད་ནས་ཁོང་ཐུག་པར་ཡོང་མོད། འོན་ཀྱང་ལམ་བར་དུ་ཁ་བ་བུ་ཡུག་འཚུབ་པས་རེ་ཞིག་སོ་ལྟ་ཁང་དུ་སྐྱོད་ཐབས་བྲལ། བདེ་སྐྱིད་ཀྱིས་གནས་ཚུལ་དེ་ཐོས་རྗེས་བཟའ་ཟླ་དང་མཉམ་དུ་གངས་རླུང་ལ་མ་འཛེམས་པར་རྫོང་གྲོང་ནས་མ་སྨད་གཉིས་བསུས་ཏེ་རང་ཁྱིམ་གྱི་ཁང་པ་ཡག་ཤོས་སུ་དམག་མིའི་ནང་མི་ཁོ་གཉིས་སྡོད་དུ་བཅུག

    ཨ་མ་རྒན་མོ་གསུམ་པོས་དཀའ་སྤྱད་ལེགས་སྐྱེས་ཕུལ་བ་ཚང་མ་བྲག་ཉག་སོ་ལྟ་ཁང་གི་དཔོན་དམག་ཚོས་མ་བརྗེད་སེམས་ལ་བརྟན་པོར་ངེས་ཤིང་། དུས་ཆེན་གལ་ཆེན་འཆར་རིམ་བཞིན་ཁོང་ཚོས་འཚམས་འདྲིའི་ལག་རྟགས་ཁྱེར་ནས་ཨ་མ་རྒན་མོ་གསུམ་པོར་ལྟ་བར་འགྲོ་བ་དང་། ཞིང་ལས་ལངས་སྐབས་དཔོན་དམག་ཚོས་ཡུལ་མི་ཚོར་བཙས་མ་བརྔ་རོགས་བྱེད་ཀྱི་ཡོད།

    མ་གཞི་ཨ་མ་རྒན་མོ་གསུམ་པོ་ད་ཆ་ལོ་ན་མཐོ་ཞིང་འགྲོ་སྐྱོད་སྟབས་བདེ་མེད་མོད། འོན་ཀྱང་ཁོང་ཚོས་ལོ་གསར་དང་དུས་ཆེན་འཆར་རིམ་བཞིན་དཔོན་དམག་ཚོར་བསྐུར་བའི་ལག་རྟགས་སྔར་བཞིན་འབྱོར་གྱི་ཡོད། གངས་ལྗོངས་ས་མཐོའི་སྐལ་བཟང་མེ་ཏོག་ནི་གསོན་ཤུགས་ལྷག་པར་ཆེ། བདེ་སྐྱིད་ཀྱིས“བདེ་སྐྱིད་ལྡན་པའི་འཚོ་བ་ནི་ལས་སླ་པོར་བྱུང་བ་ཞིག་མིན། དམག་མི་དང་ང་ཚོ་མི་སེར་སུ་འདྲ་ཞིག་ཡིན་རུང་སྐལ་བཟང་མེ་ཏོག་ཇི་བཞིན་མཐའ་མཚམས་སུ་རྩ་བ་ཚུགས་ནས་ཇི་ཙམ་བཞད་པ་དེ་ཙམ་གྱིས་མཛེས་སྡུག་ལྡན་པ་ཞིག་ཡོང་བར་བྱེད་དགོས”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།