དབུ་ཤོག>ཁྲིམས་ལུགས།
  • མཚན་ཁྲོམ་བཅོས་སྒྲིག་བྱས་ནས་གྲོང་ཁྱེར་དོ་དམ་ནན་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-19

    དབྱར་ཁ་ཤར་ཚུན་མཚན་མོ་བསྲེགས་ཟས་ཚོང་མཁན་མང་དུ་སོང་བ་དང་། བསྲེགས་ཟས་ཚོང་མཁན་ལ་ལས་གྲོང་ཁྱེར་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་ལ་སྲུང་བརྩི་མ་ཞུས་པར་མི་འགྲོ་སའི་ལམ་དུ་སྒྲོག་ཙེ་དང་རྐུབ་སྟེགས་བསྒྲིགས་ནས་ཚོང་གཉེར་བྱེད་པ་དང་། ཐ་ན་སྣུམ་དང་དུ་བ་འབུད་པའི་སྒྲིག་ཆས་མ་བསྒར་བའམ་ཡང་ན་བེད་སྤྱོད་མི་བྱེད་པས། སྣུམ་དང་དུ་བས་ཁོར་ཡུག་ལ་སྦགས་བཙོག་བཟོ་གི་ཡོད། ད་དུང་བསྲེགས་ཟས་ཚོང་མཁན་ལ་ལས་གད་སྙིགས་གང་བྱུང་དུ་དབྱུགས་པས་གྲོང་ཁྱེར་གྱི་ཁོར་ཡུག་དང་གྲོང་ཁྱེར་གྱི་རྣམ་པར་ཤུགས་རྐྱེན་ངན་པ་བཟོ་གི་ཡོད། དེར་བརྟེན་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་འཛིན་ཅུས་ཀྱིས་མཚན་མོ་བསྲེགས་ཟས་ཚོང་མཁན་ལ་མུ་མཐུད་ཆེད་དོན་བཅོས་སྒྲིག་བྱས་ནས་གཙང་ལ་གོ་རིམ་ལྡན་པའི་གྲོང་ཁྱེར་གྱི་ཁོར་ཡུག་ཅིག་བཏོད་པ་རེད།

    c6f0b9f0-8a96-4937-a8b0-95e652a1c16f.jpg.jpg

    ངོ་སྤྲོད་བྱས་པར་གཞིགས་ན། ཁྲིམས་འཛིན་རུ་མི་14ལས་གྲུབ་པའི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་འཛིན་ཅུས་ཀྱིས་དགོང་མོའི་ཆུ་ཚོད་7དང་ཕྱེད་ཀ་ནས་ཐོ་རེངས་ཆུ་ཚོད་4དང་ཕྱེད་ཀ་བར་ཁྲེང་ཀོན་ཆུས་ཀྱི་ཁྱབ་ཁོངས་སུ་སྲང་ལམ་ཆེ་ཆུང་ཚང་མར་སྐོར་ཞིབ་བཅོས་སྒྲིག་བྱེད་ཀྱི་ཡོད། དེའི་ཁྲོད་ཉི་འོད་གླིང་ཕྲན་དང་། མི་རིགས་ལམ། ཀརྨ་དགོན་གསར། ལྷ་ཀླུ་ཟམ་པ། བརྒྱད་གཅིག་ཞིང་ཞོར་ཐོན་རྫས་ཁྲོམ་ར། ཀུན་བདེ་གླིང་ཁྲོམ་གཞུང་། རྔ་ཆེན་ལམ། དབན་ཏཱ་ཐང་ཆེན། འདམ་ར་ལམ། ཤར་འདབས་གླིང་ཁུལ། བསྟན་རྒྱས་གླིང་སྲང་ལམ། ཅང་སུའུ་ལམ་སོགས་སུ་མཚན་མོ་བསྲེགས་ཟས་ཚོང་མཁན་མང་པོ་ཡོད་པ་རེད།

    དགོང་མོའི་ཆུ་ཚོད་10པར་ཆེད་དོན་བཅོས་སྒྲིག་ཚོགས་ཆུང་ཀརྨ་དགོན་གསར་དུ་སྐྱོད་སྐབས་ལམ་ཟུར་དུ་བསྲེགས་ཟས་ཚོང་མཁན་ཡོད་པ་མཐོང་བས། ཁྲིམས་འཛིན་མི་སྣས་དེ་མ་ཉིད་དུ་པར་བརྒྱབ་ནས་དཔང་རྟགས་བླངས། ཁྲིམས་འཛིན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། བསྲེགས་ཟས་ཚོང་མཁན་དེ་དག་རྒྱུན་དུ་དེ་གར་བསྲེགས་ཟས་འཚོང་གི་ཡོད། ང་ཚོས་ཁ་ཏ་བསླབ་བྱ་ཐེངས་མང་བྱས་ཀྱང་མ་ཉན་པར་བརྟེན་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུའི་གཏན་འབེབས་བྱས་པ་ཡིན།

    སྒྲིག་འགལ་ངང་ཚོང་གཉེར་བྱས་པ་མཐོང་མ་ཐག་ཁྲིམས་འཛིན་མི་སྣས་ཁ་ཏ་བསླབ་བྱ་བྱེད་པ་དང་། ཚོང་པ་ལ་ལས་ཁ་ལ་མི་ཉན་པའི་སྐབས་སུ་དུས་བཀག་ནང་བཅོས་སྒྲིག་བྱ་རྒྱུའི་བརྡ་ཐོའི་ཡི་གེ་སྤྲོད་པ་དང་། ཁ་ཏ་བསླབ་བྱ་བྱས་ཀྱང་ད་དུང་མི་ཉན་ན། 《ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་ཁོར་ཡུག་འཕྲོད་བསྟེན་དོ་དམ་སྲོལ་ཡིག》ལ་གཞིགས་ནས་ཆད་པ་བཅད་དེ་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་དེ་རིགས་ལ་རྡུང་རྡེག་ནན་པོ་གཏོང་གི་ཡོད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། སྔོན་མ་ལྷ་ཀླུ་ཟམ་པའི་འགྲམ་དུ་བསྲེགས་ཟས་ཚོང་མཁན་མང་པོ་ཡོད། ལྷ་ཀླུ་ཟམ་པའི་བརྒྱུད་ཀྱི་ལམ་གུ་དོག་པས་བསྲེགས་ཟས་ཚོང་མཁན་གྱིས་ལམ་དུ་བསྲེགས་ཟས་བཙོངས་པར་བརྟེན་འགྲིམ་འགྲུལ་འགག་ནས། གྲོང་མི་ཚོ་འགྲོ་བདེ་པོ་མེད། དེར་བརྟེན། ཁྲིམས་འཛིན་མི་སྣས་ལམ་དེར་བསྲེགས་ཟས་ཚོང་མཁན་བཅོས་སྒྲིག་བྱས་པ་དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་ཧུར་ཐག་བྱས་པ་དང་། སྣུམ་དང་དུ་བ་འགྲོ་སའི་སྒྲིག་ཆས་བསྒར་དགོས་པའི་བླང་བྱ་བཏོན་པ་རེད། ཡུན་རིང་བཅོས་སྒྲིག་བྱས་པ་བརྒྱུད། ལམ་དེར་བསྲེགས་ཟས་འཚོང་མཁན་མང་བའི་ཟང་ཟིང་རྣམ་པ་བཅོས་སྒྲིག་ཐུབ་ཡོད།

    གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་འཛིན་ཅུས་ཀྱིས་ལམ་བཟུང་ནས་བསྲེཌ་ཟས་ཚོང་མཁན་ལ་བཅོས་སྒྲིག་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་མ་ཟད། ལམ་དུམ་གལ་ཆེན་དུ་བསྲེགས་ཟས་ཚོང་མཁན་ལ་སྐོར་ཞིབ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད། རྒྱུན་དུ་དོ་དམ་བྱེད་པ་དང་དུས་མཚུངས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་དམངས་ཡོངས་གྲོང་ཁྱེར་དོ་དམ་ལ་ཞུགས་པ་དང་གྲོང་ཁྱེར་གྱི་གཟུགས་བརྙན་སྲུང་སྐྱོང་བྱེད་པའི་རྣམ་པ་བཟང་པོ་ཆགས་པར་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།