དབུ་ཤོག>ཁྲིམས་ལུགས།
  • མཐའ་མཚམས་འགག་སྒོ་བརྟན་སྲུང་བྱས། དམངས་ལ་བརྩེ་བ་ཟོལ་མེད་བཅངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-12

    “ང་རང་ཡུལ་འདིར་ཧ་ཅང་དགའ་ལ། ཡུལ་འདི་ཡང་སྔ་མོ་ནས་ངའི་ཕ་ཡུལ་དུ་གྱུར་ཟིན”ཞེས་གསར་འགོད་པས་ས་མཐོར་ལོ་13བརྟན་སྲུང་བྱེད་དོན་སྐོར་འདྲི་སྐབས། མངའ་རིས་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་བཀྲ་ཤིས་སྒང་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་བསོད་ནམས་ཆོས་གྲགས་ཀྱིས་དེ་ལྟར་བཤད་བྱུང་།

    བཀྲ་ཤིས་སྒང་ཤང་བདེ་མཆོག་གྲོང་ཚོ་ནི་ས་བབ་མཐོ་ཚད་སྨི་4400ལྷག་ཙམ་ཟིན་པའི་མཐའ་མཚམས་གྲོང་ཚོ་ཞིག་ཡིན། མེས་རྒྱལ་གྱི་ས་བཀྲ་ཆེན་མོའི་ངོས་སུ་དེ་ཉིད་ཚེག་གཅིག་ལས་མེད་ནའང་། བསོད་ནམས་ཆོས་གྲགས་ཀྱིས་ད་བར་དུ་བློ་གཅིག་སེམས་གཅིག་གིས་བརྟན་སྲུང་བྱས་པ་རེད།

    བསོད་ནམས་ཆོས་གྲགས་ཀྱིས་བཀྲ་ཤིས་སྒང་མཐའ་མཚམས་མངགས་གཏོང་ཁང་བདེ་མཆོག་གྲོང་ཚོའི་མཐའ་སྲུང་ཉེན་དོན་ཁང་གི་ཉེན་རྟོག་དཔོན་གྱི་ལས་འགན་འཁུར་བ་དང་བསྟུན་ནས། མཐའ་མཚམས་སུ་ཇི་ལྟར་སྟབས་བདེའི་ངང་སྐོར་ཞིབ་བྱེད་པར་མནོ་བསམ་གཏོང་བ་ནི་ཁོང་གི་རྒྱུན་གཏན་གྱི་ལས་ཀ་རེད།

    “འདི་གར་ས་ཐག་རིང་བས་རྒྱུན་གཏན་གྱི་ས་བཀྲའི་སྟེང་སྤྱིར་ན་ས་ཁམས་ཆགས་ཡུལ་རགས་ཙམ་ལས་མངོན་མི་ཐུབ། སྲུང་སྐར་གྱི་ས་བཀྲ་ཡིན་ནའང་གྲོང་ཚོའི་ཁྱབ་ཚུལ་དང་འབྲོག་ལས་བྱེད་ས་གསལ་པོ་མངོན་གྱི་མེད། བྱས་ཙང་ལས་དོན་ཡག་པོ་སྒྲུབ་ཆེད། ས་བཀྲ་ཞིག་བྲིས་ནས་དེའི་ཐོག་ས་མིང་འགོད་རྒྱུའི་བསམ་པ་ཡིད་ལ་ངང་གིས་འཆར་བྱུང”ཞེས་བསོད་ནམས་ཆོས་གྲགས་ཀྱིས་རང་གིས་བྲིས་པའི་ས་བཀྲ་སྟོན་བཞིན་དུ་བཤད།

    བསོད་ནམས་ཆོས་གྲགས་ཀྱིས་རི་མོ་འབྲི་སྟངས་སྦྱངས་མྱོང་མེད་ལ་ཆེད་ལས་ཀྱི་ལག་ཆ་ཡང་མེད་པས་ཤོག་སྨྱུག་དང་བསམ་བཀོད་ལ་བརྟེན་དགོས་ཀྱི་ཡོད། ས་བཀྲར་ནོར་འཁྲུལ་མི་འབྱུང་ཆེད། ཁོང་གིས་ཉིན་མོར་སྐོར་ཞིབ་དང་མཚན་ལ་ཉེན་དོན་ཁང་དུ་ལོག་ནས་ཉིན་གཅིག་ལ་ཐོ་བཀོད་པའི་གནས་ཚུལ་མཐའ་དག་ས་བཀྲའི་ངོས་སུ་འབྲི་བ་དང་། ཉིན་གཉིས་པར་གནས་དེ་དག་ལ་བསྐྱར་དུ་བསྐྱོད་ནས་ཞིབ་དཔྱད་དང་དག་བཅོས་བྱེད་ཀྱི་ཡོད། ལམ་བར་དུ་རྟག་ཏུ་ས་བབ་སྨི་5000ལྷག་ཙམ་གྱི་རི་བོ་མཐོན་པོར་འཛེགས་དགོས་སྟབས། ཁོང་ལ་མགོ་ན་བ་དང་དབུགས་འབྱིན་རྔུབ་མི་བདེ་བ་སོགས་ཀྱི་ས་མཐོའི་ནད་རྟགས་ཐོན་གྱི་ཡོད།

    “གྲོང་ཚོ་ནས་རྟག་ཏུ་མཐོང་བ་ནི་ཉེན་རྟོག་དཔོན་བསོད་ནམས་རེད། སྨྱུ་གུ་དང་ཤོག་ལྷེ་ཁ་ཤས་བསྣམས་ནས་མང་ཚོགས་ཀྱི་སྒོ་ཁར་འཚམས་འདྲི་བྱེད་པའི་རྒྱབ་གཟུགས་བདེ་མཆོག་གྲོང་ཚོའི་གང་སར་མཐོང་ཐུབ”ཅེས་འབྲོག་པ་བསྟན་འཛིན་དབང་མོས་བཤད།

    མཐར་བསོད་ནམས་ཆོས་གྲགས་ཀྱིས་རྐང་པས་ཚད་འཇལ་བ་དང་མིག་ཚོད་བརྒྱབ་ནས་ཡུལ་དེའི་ལག་བྲིས་ས་བཀྲ་ཞིག་གྲུབ་པ་རེད།

    རང་འཁྲིའི་ལས་དོན་སྒྲུབ་པ་དང་ས་བཀྲ་བཟོ་བ་ཕུད། བསོད་ནམས་ཆོས་གྲགས་ཀྱིས་ད་དུང་ནུས་པས་ལྕོགས་ཚོད་ཀྱིས་གྲོང་མིའི་འཚོ་བའི་དཀའ་ངལ་ཐག་གཅོད་རོགས་བྱེད་ཀྱི་ཡོད།

    ལས་ཀར་ཞུགས་ནས་ལོ་བཅུ་ལྷག་ཙམ་སོང་རིང་བསོད་ནམས་ཆོས་གྲཌ་ཀྱིས་ལྷག་བསམ་རྣམ་དག་གིས་སྲོག་ཉེན་ལ་མ་འཛེམས་པར་བཀྲ་ཤིས་སྒང་ཤང་གི་དོན་དུ་སྔ་རྗེས་སུ་བྱས་རྗེས་རིམ་པ་གསུམ་པ་1བཞག་པ་དང་དམིགས་བསལ་བྱ་དགའ་ཐེངས་བཞི་རག་ལ། རང་སྐྱོང་ལྗོངས་དང་མངའ་རིས་ས་ཁུལ་གྱིས“དགོན་སྡོད་ཕུལ་བྱུང་མི་དམངས་ཉེན་རྟོག་པར”བདམས་མྱོང་བ་རེད།

    ཚ་གདུག་ཆེ་བའི་དབྱར་ཁ་དང་ཁ་བ་བུ་ཡུག་འཚུབ་པའི་དགུན་དུས་གང་ཡིན་རུང་། བཀྲ་ཤིས་སྒང་གི་མཐའ་མཚམས་ལམ་ཐིག་ཡངས་པོར་སྔར་རྒྱུན་བཞིན་ཀྲོང་ངེར་ལངས་ནས་ལེགས་སྐྱེས་འབུལ་བཞིན་པའི་ཉེན་རྟོག་དཔོན་ཞིག་གི་གཟུགས་བརྙན་མཐོང་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།