ཉེན་རྟོག་པར་ཕན་བདེ་བསྐྲུན་ནས་འགག་སྒྲོལ་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ།
ཉིན་ཤས་བསྟུད་མར། ཉིང་ཁྲི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཆབ་ནག་མཐའ་མཚམས་མངགས་གཏོང་ཁང་གིས་ཉེན་རྟོག་པར་ཕན་བདེ་སྐྲུན་རྒྱུའི་ལས་དོན་དེ་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་བ་དང་། བློ་ཁ་ཕྱོགས་ཤུགས་ཆེ་རུ་གཏོང་བ། དམག་འཐབ་ནུས་པ་ཆེ་རུ་གཏོང་བ་བཅས་ཀྱི་བྱེད་ཐབས་ནུས་ལྡན་ཞིག་ལ་བརྩི་ཡི་ཡོད། མི་དམངས་ཉེན་རྟོག་པའི་རྒྱུན་གཏན་གྱི་ལས་ཀ་དང་ལས་ཞོར་འཚོ་བ་སོགས་ཀྱི་འགན་ལེན་ལས་དོན་ཡག་པོ་དང་། ཏན་ཏིག བརྟན་པོ་བཅས་བསྒྲུབས་ནས་མི་དམངས་ཉེན་རྟོག་པའི་སྐྱིད་སྣང་ཆེ་རུ་ནུས་ལྡན་བཏང་སྟེ་མི་དམངས་ཉེན་རྟོག་པའི་ལས་ཀའི་ཧུར་སེམས་རང་བཞིན་རྦད་དེ་འཕེལ་བར་བྱས་ཡོད།
ལས་སྒྲུབ་ས་ཚིགས་སུ་བསྐྱོད་ནས་ཉེན་རྟོག་པར་དྲོ་སྐྱིད་སྦྱིན་པ།
ཁོངས་གཏོགས་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལེགས་པར་སྒྲུབ་ཆེད། ཆབ་ནག་མཐའ་མཚམས་མངགས་གཏོང་ཁང་གིས་བརླ་མདོ་མཉམ་འདྲེས་ལས་སྒྲུབ་ས་ཚིགས་སུ་རྒྱུན་སྡོད་བྱེད་མཁན་གྱི་ཉེན་རྟོག་པ་མང་དུ་བཏང་བ་རེད། ལས་སྒྲུབ་ས་ཚིགས་སུ་ཡུན་རིང་ཕྱི་ལ་ལས་ཀ་བྱེད་དགོས་པ་དང་ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བ་སོགས་ཀྱིས་རྐྱེན་པས་མཐའ་མཚམས་མངགས་གཏོང་ཁང་གི་ཏང་ཀྲི་པུས་སྔ་སྣུར་དུ་ཇུས་འགོད་བྱས་ཏེ། དུས་ཐོག་ཏུ་རྒྱབ་ཕྱོགས་མཁོ་སྒྲུབ་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་འགན་ལེན་དངོས་ཟོག་ཁག་གཅིག་ཉོས་ཏེ་ལས་སྒྲུབ་ཀྱི་འཐབ་ས་དང་པོའི་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ལས་དོན་ཏན་ཏིག་ངང་བསྒྲུབས་ནས། “རིམས་འགོག”དམག་འཐབ་བྱེད་བཞིན་པའི་མི་དམངས་ཉེན་རྟོག་པ་ཚོའི་ངར་ཤུགས་འཕེལ་བར་བྱས་པ་རེད།
ཉེན་རྟོག་པའི་དགོས་མཁོར་གཞིགས་ནས་ལས་བཟོའི་ཁྱིམ་གཞིས་བསྐྲུན་པ།
ལས་བཟོའི་ཁྱིམ་གཞིས་གྲབས་འཛུགས་བྱེད་པའི་ཐོག་མའི་དུས་སུ་མངགས་གཏོང་ཁང་གི་ཏང་ཀྲི་པུས་ཚད་མཐོའི་མཐོང་ཆེན་བྱས་ཏེ། ས་གནས་ནས་རོགས་སྐྱོར་མ་དངུལ་མཐུན་སྦྱོར་ཧུར་ཐག་བྱས་ནས་ཁྱོན་མ་དངུལ་སྒོར་ཁྲི་10ལྷག་ཙམ་གྲབས་གསོག་གིས་ལས་བཟོའི་ཁྱིམ་གཞིས་སྐྲུན་འགོ་ཚུགས་པ་དང་འབྲེལ། ལས་བཟོའི་ཁྱིམ་གཞིས་ཀྱི་འབྲེལ་ཡོད་སྒྲིག་ཆས་མི་དམངས་ཉེན་རྟོག་པའི་དོན་དངོས་ཀྱི་དགོས་མཁོ་དང་འཚམ་མིན་ཤེས་རྟོགས་བྱས་པ་རེད། དཔྱིད་གསར་འཆར་མ་ཐག་ཆབ་ནག་མཐའ་མཚམས་མངགས་གཏོང་ཁང་གི་ལས་བཟོའི་ཁྱིམ་གཞིས་བསྐྲུན་ཟིན་པ་དང་འབྲེལ་དངོས་སུ་སྤྱོད་འགོ་ཚུགས། ལས་བཟོའི་ཁྱིམ་གཞིས་གསར་རྐྱང་དེར་ཁྱིམ་ཆས་ཆ་ཚང་དང་དཔེ་སྒྲོམ་སོགས་སྒྲིག་སྦྱོར་བྱས་ཡོད་ལ། རྩི་ཤིང་སྣ་ཚོགས་ཀྱང་བཏབ་ཡོད་པས་རྒྱུན་གཏན་གྱི་གཟབ་ནན་ཆེ་ལ་ཛ་དྲག་པའི་ཉེན་རྟོག་པའི་སྒར་སའི་འཚོ་བ་དེ་བས་དྲོ་སྐྱིད་ལྡན་པ་དང་། གསོན་ཤུགས་རྒྱས་པ། སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་སུ་གྱུར་ཡོད།
བཟའ་བཅའ་འགན་ལེན་བྱས་ནས་ཉེན་རྟོག་པའི་འཚོ་བའི་སྤུད་ཚད་ལེགས་སུ་བཏང་བ།
མཐའ་མཚམས་མངགས་གཏོང་ཁང་གི་རྒྱབ་ཕྱོགས་མཁོ་སྒྲུབ་ལས་འགན་འཁུར་མཁན་གྱི་མི་དམངས་ཉེན་རྟོག་པས་ལས་ཀའི་དོན་དངོས་ལ་གཞིགས་ནས་མི་དམངས་ཉེན་རྟོག་པ་ཚོའི་རྒྱུན་གཏན་གྱི་བཟའ་བཏུང་གོམས་གཤིས་དང་དགོས་མཁོ་བསྡུ་ལེན་རྒྱ་ཁྱབ་བྱས་ནས་ལུགས་མཐུན་ངང་ཟས་ཐོ་བཟོས་ཏེ་གཟའ་འཁོར་རེར་འོ་མ་དང་། མན་པའོ། ཕག་ཤ་སོས་པ། ཚོས་མ་སོགས་དུས་ཐོག་ཏུ་ཉོས་ནས་མི་དམངས་ཉེན་རྟོག་པ་ཚོ་ལྟོ་ཆས་ཟ་སྐབས་སེམས་སྐྱིད་པོ་དང་བློ་བདེ་པོ་ཡོང་བ་བྱས་པས། ད་ཆ་ཉིན་ལྟར་ཚང་མས་སྒྲོག་ཙེ་གཅིག་ཏུ་བསྡད་དེ་ལྟོ་ཆས་སྣ་ཁ་འཛོམས་པོ་ཟ་རྒྱུ་བྱུང་བ་དང་ཟ་ཁང་དུ་ཧ་ཅང་འཁྲུག་ཆ་དོད་པས་མི་དམངས་ཉེན་རྟོག་པ་མི་རེ་ངོ་རེའི་སེམས་ལ་དྲོ་སྐྱིད་སྦྱིན་ཡོད། དེས་མི་དམངས་ཉེན་རྟོག་པའི་འཚོ་བའི་སྤུས་ཚད་ལེགས་སུ་ཏན་ཏིག་ཕྱིན་པ་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ནུས་ལྡན་སོང་སྟེ། མི་དམངས་ཉེན་རྟོག་པ་ཚོའི་སེམས་ཤུགས་ཀྱང་འཕེལ་ཡོད།