མེ་ཟོན་བདེ་འཇགས་ཀྱི་སྦྱོང་བརྡར་ཆེན་པོ་བྱས་པ།
འདི་ནི་མེ་ཟོན་དྲིལ་སྒྲོག་པས་ཚང་མའི་སྣེ་ཁྲིད་དེ་ཇོ་མོ་གླང་མ་མེ་ཟོན་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱེད་བཞིན་པ།
འདི་ནི་མེ་གསོད་ལས་དོན་མི་སྣ་དང་ཁོངས་གཏོགས་ཁུལ་གྱི་མི་དམངས་ཉེན་རྟོག་པས་རྒྱུན་གཏན་གྱི་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་གྱི་ལས་དོན་སྐོར་ལ་སྤེལ་རེས་གོ་བསྡུར་བྱེད་བཞིན་པ།
འདི་ནི་མེ་གསོད་ལས་དོན་མི་སྣས་མེ་ཟོན་ཤེས་བྱ་གསལ་འགྲེལ་བྱེད་བཞིན་པ།
མེ་ཟོན་དོ་དམ་ལས་དོན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་ཆེད། ཉེ་དུས་བསམ་གྲུབ་རྩེ་ཆུས་སྤྱི་བདེ་ཅུས་ཀྱིས་གྲོང་ཁྱེར་དང་ཆུས་རིམ་པ་གཉིས་ཀྱི་མེ་གསོད་རོགས་སྐྱོབ་སྡེ་ཚན་དང་མཉམ་དུ་བསམ་གྲུབ་རྩེ་ཆུས་ཁོངས་གཏོགས་ཀྱི“གནས་ཡུལ་ཆུང་གྲས་དགུའི”གཉེར་སྐྱོང་བ་དང་། གྲོང་ཁུལ་མངགས་གཏོང་ཁང་གི་ཉེན་རྟོག་པ། དམངས་བདེ་ཉེན་རྟོག་ཞབས་ཞུའི་ས་ཚིགས་36གི་མེ་ཟོན་ཉེན་རྟོག་པ་བཅས་600ལྷག་ཙམ་སྒྲིག་འཛུགས་བྱས་ཏེ། ཇོ་མོ་གླང་མ་མེ་ཟོན་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞིར་མེ་ཟོན་བདེ་འཇགས་ཀྱི་སྦྱོང་བརྡར་བྱེད་པར་བསྐྱོད་པ་རེད།
སྦྱོང་བརྡར་བྱེད་རིང་། མེ་ཟོན་དྲིལ་བསྒྲགས་པས་ཚང་མའི་སྣེ་ཁྲིད་དེ་མེ་ཟོན་ཤེས་བྱ་སློབ་སྦྱོང་ཁུལ་དང་། འདྲ་བཟོས་ཉེན་བརྡ་གཏོང་ཁུལ། མེ་གསོད་མི་སྐྱོབ་ཉམས་ལེན་ཁུལ། མེ་ཟོན་མཚོན་རྟགས་དབྱེ་འབྱེད་ཁུལ། VRསྲོག་སྐྱོབ་ཉམས་ལེན་ཁུལ་སོགས་སུ་ལྟ་སྐོར་བྱས་པ་དང་། གཉེར་སྐྱོང་རང་བཞིན་གྱི་དམངས་ཀྱི་སྡོད་ཁང་སྟེ“ཤོད་དུ་ཚོང་ཁང་དང་སྟེང་དུ་སྡོད་ཁང”“མདུན་དུ་ཚོང་ཁང་དང་རྒྱབ་ཏུ་སྡོད་ཁང” དེ་བཞིན་གློག་སྒུལ་སྦག་སྦག་ཁང་པའི་ནང་འཇོག་པ་སོགས་ཀྱི་མེ་སྐྱོན་གྱི་ཉེན་ཁའི་རང་བཞིན་ལ་གཙོ་གནད་དུ་དབྱེ་ཞིབ་བྱས་པ་མ་ཟད། ད་དུང་སློབ་གསོའི་རྟེན་གཞིའི་ཐོག་སོ་གཉིས་པའི་སྒེར་ཁང་གི་དངོས་ལྗོངས་དང་ཟུང་འབྲེལ་བྱས་ཏེ། གློག་རླངས་སྐུད་ལམ་དང་སོལ་རླངས་བེད་སྤྱོད་བྱེད་སྟངས་དང་། མེ་ཟོན་མེ་གསོད་ཀྱི་སྒྲིག་ཆས། མེ་གསོད་བགྲོད་ལམ་གྱི་ཞིབ་བཤེར་དང་མངོན་མེད་རྐྱེན་ངན་ཀུན་སེལ་བྱ་ཐབས་སོགས་ནང་དོན་དམར་ཁྲིད་བྱས་པ་རེད། དེ་དང་དུས་མཚུངས་སྤྱི་བདེ་མེ་ཟོན་གྱི་ལས་དོན་དངོས་དང“གནས་ཡུལ་ཆུང་གྲས་དགུའི”མེ་ཟོན་བདེ་འཇགས་ཀྱི་དུས་བབ་ལ་དམིགས་ཏེ། ཉེན་རྟོག་པར“གནས་ཡུལ་ཆུང་གྲས་དགུའི”མེ་ཟོན་བདེ་འཇགས་ཀྱི་ཞིབ་བཤེར་ཚད་གཞི་དང་མེ་སྐྱོན་ཀྱི་རྒྱུན་མཐོང་མངོན་མེད་རྐྱེན་ངན་གྱི་ཁྱད་ཆོས་འགྲེལ་བཤད་བརྒྱབ་པ་མ་ཟད། ད་དུང་རྒྱུན་གཏན་གྱི་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་གྱི་ལས་དོན་ཁྲོད་ཀྱི་དཀའ་གནད་དང་དོ་སྣང་བྱེད་དགོས་པའི་འབྲེལ་ཡོད་དོན་ཚན་སྤེལ་རེས་གོ་བསྡུར་ཡང་བྱས་པ་རེད།
ད་ཐེངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་སྦྱོང་བརྡར་ཆེན་པོ་བརྒྱུད། སྤྱི་བདེ་ཉེན་རྟོག་པ་དང་དེ་བཞིན་གནས་ཡུལ་ཆུང་གྲས་དགུའི་གཉེར་སྐྱོང་བའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་སོང་བ་མ་ཟད། ཉེན་རྟོག་པ་དང་མང་ཚོགས་ཀྱི་རང་སྲུང་རང་སྐྱོབ་དང་རང་བཤེར་རང་བཅོས་ཀྱི་ནུས་པའང་ཤུགས་ཆེར་སོང་སྟེ། ཁོངས་གཏོགས་ཁུལ་གྱི་མེ་ཟོན་བདེ་འཇགས་ཆེད་སྲ་ཞིང་བརྟན་པའི་རྨང་གཞི་བརྟན་པོ་བཏིང་ཡོད།