རླངས་འཁོར་ནང་ནས་ལྷུ་ལག་བརྐུས། མཐའ་མ་རང་སྡུག་རང་གིས་ཉོས།
དེང་སང་རླངས་འཁོར་གྱི་ཁ་ལོ་སྒྱུར་ཆས་རྐུ་མཁན་ཡོད་དམ་ཞེ་ན། དངོས་གནས་འདུག ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་རླངས་འཁོར་ཉམས་གསོ་བྱེད་མཁན་ཞིག་གིས་རླངས་འཁོར་ཉམས་གསོ་བྱེད་ཆེད་རླངས་འཁོར་གཞན་ཞིག་གི་ཁ་ལོ་སྒྱུར་ཆས་བརྐུས་རྐྱེན་མི་དམངས་ཉེན་རྟོག་པས་རང་སར་བཟུང་པ་རེད།
གསར་འགོད་པར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱུང་གསལ། ཟླ་5ཚེས་26ཉིན་གྱི་ཆུ་ཚོད་23ཙམ་ལ་ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་བཅིངས་འགྲོལ་ནུབ་ལམ་མངགས་གཏོང་ཁང་བདེ་སྲུང་རུ་འབྲིང་ལ། སྨན་ཁང་ཞིག་གི་ཉེ་འགྲམ་ཁྲོམ་ལམ་དུ་སྐྱེས་པ་གཉིས་ཀྱིས་མེན་པའོ་རླངས་འཁོར་ཞིག་གི་ཁ་ལོ་སྒྱུར་ཆས་རྐུ་བཞིན་འདུག་ཅེས་པའི་ཉེས་དོན་སྙན་སེང་འབྱོར་རྗེས། མི་དམངས་ཉེན་རྟོག་པས་འཕྲལ་མར་ས་གནས་ས་ཐོག་ཏུ་བསྐྱོད་དེ་སྐྱེས་པ་དེ་གཉིས་བཟུང་ནས་མངགས་གཏོང་ཁང་དུ་ཁྲིད་དེ་སྔར་བས་འདྲི་རྩད་བྱས་པ་རེད།
མི་དམངས་ཉེན་རྟོག་པས་འདྲི་རྩད་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར། ཉེས་གསོག་དོགས་ཅན་ཧྲན་ཆེ་གེ་མོ་ནི་རླངས་འཁོར་ཉམས་གསོ་ཁང་ཞིག་གི་འགན་འཁུར་བ་ཡིན་ཞིང་། ཉིན་དེར་རླངས་འཁོར་ཉམས་གསོ་བྱེད་མཁན་ཞིག་ཡོང་ནས་མེན་པའོ་རླངས་འཁོར་གྱི་ཁ་ལོ་སྒྱུར་ཆས་བརྗེ་རྒྱུའི་རེ་བ་བཏོན། ཡིན་ན་ཡང་བཟོ་ལྟ་ཧ་ཅང་རྙིང་པ་ཡིན་རྐྱེན་རླངས་འཁོར་དེ་རིགས་ཀྱི་ཁ་ལོ་སྒྱུར་ཆས་མིག་སྔར་ཁྲོམ་རར་ཉོ་རྒྱུ་མེད་པས་གཞི་ནས་བརྐུ་རྒྱུའི་བསམ་བློ་འཁོར།
ཧྲན་ཆེ་གེ་མོས་དེ་སྔོན་ཁྲོམ་ལམ་ཞིག་ཏུ་མེན་པའོ་རླངས་འཁོར་འདི་དང་འདྲ་པོ་ཞིག་མཐོང་བ་དྲན་རྗེས། འཁོར་ལོ་ཡང་མེད་པར་བལྟས་ན་དེ་ནི་བེད་མེད་རླངས་འཁོར་ཞིག་རེད་བསམ།
དེར་བརྟེན་ཁོས་ཉམས་གསོ་ཁང་དེའི་ལས་མི་ཀྲའོ་ཆེ་གེ་མོ་དང་ཧྲན་ཆེ་གེ་མོ་མེན་པའོ་རླངས་འཁོར་དེའི་ཁ་ལོ་སྒྱུར་ཆས་འགོག་ཏུ་འགྲོ་རྒྱུའི་ངན་སྐུལ་བྱས་རྐྱེན་མི་དམངས་ཉེན་རྟོག་པས་བཟུང་བྱུང་ཞེས་འདྲི་གཅོད་བྱེད་སྐབས་ཉེས་གསོག་དོགས་ཅན་གསུམ་པོས་སོ་སོའི་ཁྲིམས་འགལ་ནག་ཉེས་དངོས་སྦ་གསང་མེད་པར་ཁས་བླངས་པ་རེད།
མིག་སྔར། མི་དམངས་ཉེན་རྟོག་པས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས》གཞིར་བཟུང་མི་གསུམ་པོ་སོ་སོར་བཀག་སྐྱེལ་དང་དངུལ་ཆད་ཀྱི་སྲིད་འཛིན་ཆད་པ་བཅད་པ་རེད། སྐྱེས་ཕོ་རབ་ཅིག་ལ་བྱེད་རུང་པ་ཞིག་དང་མི་རུང་པ་ཞིག་ཅེས་པའི་དཔེ་ལྟར། རླངས་འཁོར་ཉམས་གསོ་བྱེད་མཁན་ཞིག་ཡིན་པའི་ངོས་ནས་འཁོར་བདག་གི་རེ་བ་ལྟར་རླངས་འཁོར་ཉམས་གསོ་ཡག་པོ་བྱ་རྒྱུ་ནི་ལས་ཀ་ཡག་པོ་ཞིག་ཡིན་མོད། ཡིན་ན་ཡང་དེ་ལ་ཁ་གཡར་ནས་བརྐུས་པ་ནི་ཅི་ནས་ཀྱང་མི་འགྲིག་པ་ཞིག་རེད། རང་ལ་མཁོ་བའི་དངོས་པོ་དེ་ཐབས་ལམ་ཡང་དག་བརྒྱུད་ཐོབ་པར་བྱེད་དགོས། དེ་ལྟར་མ་བྱས་པར་ཁྲིམས་ཀྱི་རྒྱ་རུ་ཚུད་ཚེ་འགྱོད་པ་སྐྱེས་ཀྱང་ཕྱི་དྲགས་རྒྱུ་ལས་མ་འདས།