ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་སྙེ་མོ་རྫོང་ཞིབ་དཔྱོད་ཁང་གིས་ཧབ་འཚོང་ཀུང་སི་ག་གེ་མོའི་ལྐོག་རྔན་སྤྲད་པའི་གྱོད་གཞིར་གཞུང་གཏུག་བྱས་པར་མཛུབ་ཁྲིད་བྱས་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གཞུང་གཏུག་ཁྲུའུ་གཉིས་པས་སྙེ་མོ་རྫོང་དུ་བསྐྱོད་ནས་རྫོང་དེའི་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་བྱས་པའི་ཞུ་སྦྱོར་ཕྱི་མའི་ཚན་པ་སྟེ་བོད་ཀྱི་ཧབ་འཚོང་ཚད་ཡོད་ཀུང་སི་ག་གེ་མོ་དང་ཞུ་སྦྱོར་ཕྱི་མ་སྙེ་ཆེ་གེ་མོས་ལྐོག་རྔན་སྤྲད་པའི་གྱོད་གཞིར་འདྲི་ཞིབ་བྱེད་རིང་། ཁྲིམས་སར་ཞུགས་ཏེ་གཞུང་གཏུག་ལ་མཛུབ་ཁྲིད་བྱས་ཤིང་། སྙེ་མོ་རྫོང་མི་དམངས་ཁྲིམས་ཁང་གིས་དུས་ཐོག་ཏུ་ཁྲིམས་ར་འཚོགས་པ་དང་ད་ཐེངས་ཀྱི་ཁྲིམས་རར་སྙེ་མོ་རྫོང་མི་དམངས་འཐུས་ཚོགས་དང་། སྲིད་གྲོས། སྒྲིག་ཨུད་སོགས་ཚན་པའི་འབྲེལ་ཡོད་འགན་འཁུར་མི་སྣ་གདན་དྲངས་ཡོད་པ་རེད།
གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། གྱོད་གཞི་དེ་2016ལོའི་ཟླ་3ཚེས་14ཉིན་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་སྙེ་མོ་རྫོང་མི་དམངས་ཞིབ་དཔྱོད་ཁང་འདི་ཉིད་མྱུལ་ཞིབ་དང་ཞིབ་དཔྱོད་བྱ་རྒྱུར་དམིགས་འཛུགས་བྱས་ཡོད། སྙེ་མོ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་2016ལོའི་ཟླ་3ཚེས་15ཉིན་གྱོད་དོན་ཐོ་འགོད་བྱས་ནས་མྱུལ་ཞིབ་བྱེད་འགོ་བཙུགས་པ་དང་ཉིན་དེ་རང་ལ་ཉེས་དོན་བཀག་ཉར་བྱས་ཡོད། 2016ལོའི་ཟླ་3ཚེས་28ཉིན་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཉེས་གསོག་དོགས་ཅན་ཁྲིམས་ལྟར་བཟུང་པ་དང་། 2016ལོའི་ཟླ་5ཚེས་18ཉིན་ཁག་ཁྱེར་བཀའ་སྒུག་བྱས་པ་རེད། 2012ལོའི་ཟླ་12པར་ཞུ་སྦྱོར་ཕྱི་མའི་ཚན་པ་སྟེ་བོད་ཀྱི་ཧབ་འཚོང་ཚད་ཡོད་ཀུང་སི་ག་གེ་མོས་ལྷ་ས་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཁུལ་ཁ་པའི་ས་ཆ་ཧབ་འཚོང་གི་ལས་སྒོ་འགན་གཙང་ལེན་སྐབས། ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཞུ་སྦྱོར་ཕྱི་མ་སྙེ་ཆེ་གེ་མོས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀྲང་ཆེ་གེ་མོ་དང་གྲོས་མོལ་བྱས་རྗེས་ལྷ་ས་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་འཛུགས་སྐྲུན་འཆར་འགོད་ཅུས་ཀྱི་དེ་སྔའི་ཅུས་ཀྲང་གཞོན་པ་ཁའུ་ཆེ་གེ་མོ(ཁྲིམས་ཐག་བཅད་ཟིན་པ)ཡིས་མི་དམངས་ཤོག་སྒོར་ཁྲི་110སྤྲོད་དགོས་པའི་རེ་བ་བཏོན་པར་མོས་མཐུན་བྱས་པ་དང་། ཁའུ་ཆེ་གེ་མོས་ཞུ་སྦྱོར་ཕྱི་མ་སྙེ་ཆེ་གེ་མོའི་ས་ནས་མི་དམངས་ཤོག་སྒོར་ཁྲི་110བླངས་ཡོད་པ་རེད།
གྱོད་སྒྲུབ་མི་སྣས་ཡིག་ཁུག་དཔྱད་གཞིའི་ཡིག་ཆ་ཚང་མར་ནན་ཏན་ངང་ཞིབ་བཤེར་བྱས་པ་དང་། གཅིག་མཚུངས་དཔང་རྟགས་དབར་གྱི་གཞུང་ཕྱོགས་འབྲེལ་བ་དང་གཅིག་མཚུངས་མིན་པའི་དཔང་རྟགས་དབར་གྱི་འབྲེལ་བར་དབྱེ་ཞིབ་བྱས་པ། ལས་དུས་འཕར་མ་བྱས་ཤིང་། དུས་ཚོད་ཛ་དྲག་པ་དང་ལས་འགན་ལྕི་བའི་གནས་ཚུལ་འོག་ལས་ཀར་འཐུས་ཤོར་བཏང་མེད་ལ་དུས་ཚོད་ནར་འགྱངས་ཀྱང་བྱས་མེད་པར་ཞིབ་བཤེར་སྙན་ཞུ་དང་། དཔང་འདོན་གྲ་སྒྲིག་གྱོད་གཞི། གཏུག་བཤེར་ཡི་གེ གཞུང་གཏུག་གི་བསམ་འཆར་ཡི་གེ འདྲི་རྩད་གནད་བསྡུས། རྩོད་ལན་གནད་བསྡུས་སོགས་ནན་ཏན་ངང་བྲིས་པ་དང་། ལྷག་དོན་དུ་གཏུག་བཤེར་ཡི་གེའི་ནང་དོན་ཚིག་བསྡུས་ལ་དོན་ཟབ་མོ་ཡོད་པ་དེ་དོན་དངོས་གཏན་འཁེལ་བྱ་རྒྱུ་དང་བཅའ་ཁྲིམས་འོས་འཚམ་ངང་སྤྱོད་རྒྱུའི་ངོས་ནས་བརྗོད་ན་འཐུས་སྒོ་ཚང་ལ་ཡང་དག་པ་ཞིག་བྱུང་ཡོད་པ་རེད།
ཁྲིམས་རར་འདྲི་གཅོད་བྱེད་རིང་། གཞུང་གཏུག་པས་ཞུ་སྦྱོར་ཕྱི་མར་ཁྲིམས་བཞིན་འདྲི་རྩད་བྱས་པ་དང་། གྱོད་གཞིའི་དོན་དངོས་ཚང་མ་རྩད་ཆོད་མཐའ་གསལ་བྱས་པ། བཏོན་པའི་དཔང་རྟགས་ལ་བརྟེན་ནས་ཞུ་སྦྱོར་ཕྱི་མས་ལུགས་དང་མི་མཐུན་པའི་ཁེ་ཕན་རག་ཐབས་བྱ་ཆེད། རྒྱལ་ཁབ་ཀྱི་ལས་དོན་པར་ལྐོག་རྔན་སྤྲད་དེ་ཁྲིམས་འགལ་གྱི་བྱེད་སྤྱོད་དེ་དག་ལས་ཐོབ་པའི་ཁེ་ཕན་ཚན་པར་བདག་པར་བྱས་པའི་དོན་དངོས་ར་སྤྲོད་བྱས་པ་མ་ཟད། དག་འབུད་པར་བཏོན་པའི་གནད་དོན་ལ་བདེན་ཡོད་ཁུངས་ལྡན་གྱི་རྒོལ་ལན་བསླགས་མཐར་ཞུ་སྦྱོར་ཕྱི་མ་སྙེ་ཆེ་གེ་མོས་ཁྲིམས་རར་ནག་ཉེས་ཁས་བླངས་པ་དང་སྦྲགས་རང་ཉེས་འགྱོད་བཤགས་ཀྱང་བྱས་པ་རེད།