དབུ་ཤོག>ཁྲིམས་ལུགས།
  • ནང་མིར་རྩུབ་སྤྱོད་བྱེད་པ་དེའང་ཁྲིམས་འགལ་རེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-05-16

    ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་ལི་ཆེ་གེ་མོ་ལས་ཀ་བདེ་བླག་མ་བྱུང་བའི་དབང་གིས་བཟའ་ཟླ་ཁྲེན་ཆེ་གེ་མོར་རྩུབ་སྤྱོད་བྱས་པ་མ་ཟད། ཐབ་ཚང་ནང་གི་ཚལ་གྲི་འཁྱེར་ནས་ཁྲེན་ཆེ་གེ་མོར་གྲིའི་ལྟག་པ་གཞུས་པ་དེ་སློབ་གྲྭ་གྲོལ་ནས་ཁྱིམ་དུ་ལོག་ཡོང་བའི་བུ་མོས་མཐོང་རྗེས་འཕྲལ་མར་ཉེན་རྟོག་པར་སྙན་སེང་ཞུས། དཔྱད་འདོམས་བྱས་པ་བརྒྱུད། ཁྲེན་ཆེ་གེ་མོའི་རྩིབ་མ་གཉིས་ཆག་པ་དང་གཟུགས་པོའི་ཆ་ཤས་གཞན་ལ་ད་དུང་རྨ་མང་པོ་བཟོས་ཡོད་པས་ལི་ཆེ་གེ་མོ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་རེད།

    བརྟག་དཔྱད་བྱས་པ་བརྒྱུད་ལི་ཆེ་གེ་མོས་ཁྲེན་ཆེ་གེ་མོར་རྟག་ཏུ་རྩུབ་སྤྱོད་བྱེད་ཀྱི་ཡོད།

    ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཞུང་ཧུའེ་ལིན་གྱིས་གསར་འགོད་པར། ལི་ཆེ་གེ་མོ་དང་ཁྲེན་ཆེ་གེ་མོ་ནི་གཞན་གྱིས་ངོ་སྤྲོད་བྱས་ནས་ཡུན་རིང་པོ་མ་སོང་བར་གཉེན་སྒྲིག་བྱས་པ་དང་ཁོང་གཉིས་ལ་བུ་མོ་ཞིག་ཡོད། ཕྱོགས་གཉིས་པོས་ཕན་ཚུན་རྒྱུས་མངའ་བྱ་རྒྱུ་མི་འདང་བས་ཨ་བསར་ཡོལ་རྗེས་ལི་ཆེ་གེ་མོ་རླུང་ལངས་པོ་ཡོད་པ་མ་ཟད། ཆང་རག་བཏུང་རྗེས་བློ་ལ་ཏོག་ཙམ་མ་ཕྱིན་ན་ལམ་སེང་ཁྲེན་ཆེ་གེ་མོར་ཉེས་བརྡུང་གཏོང་གི་ཡོད། བུ་མོར་ཆ་ཚང་བའི་ཁྱིམ་ཚང་ཞིག་ཡོང་བ་བྱ་ཆེད། ལི་ཆེ་གེ་མོས་ཉེས་རྡུང་བཏང་ཡང་ཁྲེན་ཆེ་གེ་མོས་སྡུག་རུས་བྱས་ནས་ལོ་18ཏག་ཏག་མཉམ་དུ་འཚོ་བ་བསྐྱལ་བ་རེད་ཅེས་བཤད།

    ཞིབ་དཔྱོད་དཔོན་ཞུང་ཧུའེ་ལིན་གྱིས་ཉེས་ཁྲིམས་ཀྱི་དོན་ཚན་234ཡི་གཏན་འབེབས་ནང་རྐང་བཙུགས་ནས་གཞན་གྱི་ལུས་པོར་གནོད་འཚེ་བཏང་ཚེ་དུས་བཀག་བཙོན་འཇུག་ལོ་གསུམ་མན་དང་བཙན་ཉར་ལས་སྐུལ་ལམ་ཡང་ན་བཀག་སྡོམ་བྱ་རྒྱུ་དང་། གོང་གསལ་གྱི་ནག་ཉེས་བསགས་ནས་གཞན་ལ་རྨས་སྐྱོན་ཚབས་ཆེནབཏང་རིགས་ལོ་གསུམ་ཡན་དང་ལོ་བཅུ་མན་གྱི་དུས་བཀག་བཙོན་འཇུག་བྱ་རྒྱུ་དང་། མིའི་ཚེ་སྲོག་ལ་གནོད་འཚེ་གཏོང་བའམ་ཡང་ན་གདུག་རྩུབ་ཆེན་པོས་གནོད་འཚེ་བཏང་ནས་དབང་པོ་སྐྱོན་ཅན་ཚབས་ཆེན་དུ་གྱུར་རིགས་ལ་ལོ་བཅུ་ཡན་གྱི་དུས་བཀག་བཙོན་འཇུག་དང་ཚེ་གང་བཙོན་འཇུག་གམ་ཡང་ན་སྲོག་ཐོག་གཏོང་རྒྱུའི་གཏན་འབེབས་བྱས་ཡོད། བཅའ་ཁྲིམས་འདིའི་ནང་ད་དུང་གཏན་འབེབས་གཞན་དག་བྱས་ཡོད་པ་སྟེ། གཏན་འབེབས་ཀྱི་དོན་ཚན་238ལྟར་ཁྲིམས་འགལ་ངང་མི་གཞན་བཀག་ཉར་བྱེད་པའམ་ཡང་ན་བྱེད་ཐབས་གཞན་གྱི་ཐོག་ནས་གཞན་གྱི་མི་ལུས་རང་དབང་ཁྲིམས་འགལ་ངང་བཙན་འཕྲོག་བྱས་ཚེ་ལོ་གསུམ་མན་གྱི་དུས་བཀག་བཙོན་འཇུག་གམ། བཀག་ཉར་ཡང་ན་ཆབ་སྲིད་ཀྱི་དབང་ཆ་འཕྲོག་རྒྱུའི་གཏན་འཁེལ་བྱས་ཡོད། ཉེས་རྡུང་གཏོང་བ་དང་དམའ་འབེབས་གཏོང་བ་སོགས་ཀྱི་གནས་ཚུལ་ཐོན་རིགས་ལ་ཆད་པ་ལྕི་པོ་གཅོད་རྒྱུ་རེད།

    ཞིབ་དཔྱོད་དཔོན་གྱིས་རྒྱ་ཆེའི་གྲོང་མི་ཚོར་བཟའ་ཚོ་གཉིས་པོ་འཚོ་བའི་ཁྲོད་འགལ་བ་ཐོན་རྒྱུ་ནི་འགོག་ཐབས་མེད་པ་ཞིག་ཡིན་ཡང་འགལ་བ་ཐག་གཅོད་བྱེད་ཐབས་ལ་གདམ་ག་བྱེད་དབང་ཡོད་པས། འགལ་བ་འཕྲད་སྐབས་བཟའ་ཚོ་གཉིས་པོས་རིག་པ་དྭངས་གསལ་དང་སེམས་རྣལ་ལ་ཕབ་ནས་ཕན་ཚུན་བསམ་ཤེས་དང་བཟོད་སྒོམ་བྱས་ཏེ་ཕྱོགས་གཅིག་གིས་ཕྱོགས་གཞན་ལ་རྩུབ་སྤྱོད་བྱེད་སྐབས་ཁྲིམས་ལུགས་ལ་བརྟེན་ནས་རང་ཉིད་ལ་སྲུང་སྐྱོབ་བྱེད་དགོས་ཤིང་། ནང་མིར་རྩུབ་སྤྱོད་བྱས་རིགས་ཁྲིམས་འགལ་ཡིན་པ་བློ་ལ་བརྟན་པོ་ངེས་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།