དབུ་ཤོག>ཁྲིམས་ལུགས།
  • ཁ་ལོ་བས་ཐ་མག་རྫུས་མ་རྡར་ཚན་1400ལྷག་ཙམ་ཉར་བའི་ཉེས་པ་ངོས་ལེན་ཞུས་པས་ཁྲིམས་ཆད་ཡང་པོ་ཕོག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-26

    རྒྱ་ཆེའི་གྲོང་མིར་བཅའ་ཁྲིམས་དང་འཚོ་བའི་དབར་གྱི་འབྲེལ་བ་ཟབ་མོ་ཤེས་སུ་བཅུག་ནས་བཅའ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དེ་བས་ལེགས་པོ་ཐུབ་ཆེད། འདི་ག་ཚགས་པར་གྱི་གསར་འགོད་པ་མི་དམངས་ཁྲིམས་ཁང་གིས་གྱོད་གཞིར་ཞིབ་གཅོད་བྱེད་པའི་ཞིབ་ཕྲའི་བརྒྱུད་རིམ་ལ་ཞུགས་ཏེ། གང་ཐུབ་ཅི་ཐུབ་ཀྱིས་ཁྲིམས་རའི་གནས་ཚུལ་དང་ཕྱོགས་གཉིས་པོའི་ཞུ་སྦྱོར་མི་སྣའི་འགལ་ཟླའི་མདོ་གནས་གཙོ་བོ་དང་ལྟ་བའི་རྩོད་གཞི་འབུར་དུ་ཐོན་པ་བྱས་པ་དང་འབྲེལ། ཁྲིམས་དཔོན་གྱིས་གྱོད་གཞི་འདུམ་འགྲིག་དང་ཁྲིམས་ཐག་གཅོད་སྐབས་ཀྱི་ཁྲིམས་གཞུང་དབྱེ་ཞིབ་ལ་ཕྱོགས་སྡོམ་བྱས་པ་ཡིན། ཁྲིམས་རའི་གནས་ཚུལ་བརྗོད་དོན་ནི་རྒྱ་ཆེའི་མང་ཚོགས་ཀྱིས་བཅའ་ཁྲིམས་ཤེས་རྟོགས་དང་ཁྲིམས་ཁང་ལ་ཡིད་ཆེས་ཐོབ་ཐུབ་པ་བྱ་རྒྱུ་དེ་རེད།

    【གྱོད་གཞིའི་གནས་ཚུལ།】

    2015ལོའི་ཟླ་བ་བཞི་པའི་ཚུན་དུ། ཞུ་སྦྱོར་ཕྱི་མ་ཝང་ཤིས་ཀྱིས་ལྷ་ས་གྲོང་ཁྱེར་གྲྭ་བཞི་དཀྱིལ་ལམ་གྱི་ཟོག་འགྲེམས་ཀུང་སི་ཞིག་ནས་ཐུམ་བརྒྱབ་པའི་ཐ་མག་ཐེངས་མང་བླངས་རྗེས། ཉང་བྲན་ལམ་དུ་ཡོད་པའི་རང་ཉིད་ཀྱི་བོགས་གཏོང་ཁང་པའི་ནང་དབོར། 2015ལོའི་ཟླ་5ཚེས་14ཉིན། མྱུལ་ཞིབ་མི་སྣས་ཁོ་པའི་སྡོད་ཁང་ནས་ད་དུང་འཚོང་རྒྱུར་ལུས་པའི་ཡུས་ཤིའི་དང་། ཡུན་ནན། ཀྲུང་ཧྭ་བཅས་ཐ་མག་རྡར་ཚན་1416.4རྙེད་པ་དག་གཞུང་བཞེས་བཏང་བ་དང་། བོད་རང་སྐྱོང་ལྗོངས་རྡོ་ཐ་ཆེད་ཚོང་ཅུས་ཀྱིས་རིན་གོང་ལ་ཞིབ་དཔྱད་བྱས་པར་ཐ་མག་དེ་དག་གི་རིན་གོང་སྒོར་498516ཟིན་ཡོད།

    ཞུ་སྦྱོར་ཕྱི་མ་ཝང་ཤིས་ཀྱིས་ཐོ་འགོད་རྫུན་བཟོ་བྱས་པའི་ཚོང་རྟགས་ཀྱི་ཐ་མག་བཙོངས་པར་བརྟེན། 2015ལོའི་ཟླ་5ཚེས་14ཉིན་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་གིས་བཟུང་ཞིང་། ཟླ་དེའི་ཚེས་16ཉིན་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཉེས་དོན་བཀག་ཉར་བྱས་པ་དང་། ཟླ་དེའི་ཚེས་19ཉིན་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་ཅན་དོ་དམ་ཁང་དུ་བཅུག

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་སྦྱོར་ཕྱི་མ་ཝང་ཤིས་ཀྱིས་ཐོ་འགོད་རྫུན་བཟོ་བྱས་པའི་ཚོང་ཟོག་བཙོངས་པའི་ཉེས་པ་བསགས་པར་བརྟེན། 2015ལོའི་ཟླ་8ཚེས་10ཉིན་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་ལ་གཞུང་གཏུགས་བརྒྱབ་པ་དང་འབྲེལ། སྟབས་བདེའི་གོ་རིམ་སྤྱད་ནས་ཞིབ་གཅོད་བྱ་རྒྱུའི་གྲོས་འགོ་བཏོན་པ་དང་། གཞུང་གཏུཊ་རྒྱག་མཁན་ལས་ཁུངས་ཀྱིས། ཞུ་སྦྱོར་ཕྱི་མ་ཝང་ཤིས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》གྱི་དོན་ཚན་ཉིས་བརྒྱ་བཅུ་བཞིའི་གཏན་འབེབས་ལས་འགལ་ནས། ཐོ་འགོད་རྫུན་བཟོ་བྱས་པའི་ཚོང་ཟོག་བཙོངས་པའི(ཉེས་དམིགས་མ་གྲུབ་པ)ཉེས་པ་བསཊ་པས། ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མར་དུས་བཀག་བཙོན་བཅུག་ལོ་གསུམ་ནས་ལོ་ལྔ་བར་བྱེད་དགོས་པ་དང་དངུལ་ཆད་འོས་འཚམ་གཅོད་དགོས་པའི་གྲོས་འགོ་བཏོན་པ་རེད།

    【ཁྲིམས་ཁང་གི་ཁྲིམས་ཐག】

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས། ཞུ་སྦྱོར་ཕྱི་མ་ཝང་ཤིས་ཀྱིས་རྒྱལ་ཁྲིམས་སྣང་མེད་དུ་བཏང་སྟེ་ཚོང་རྟགས་དོ་དམ་གྱི་ཁྲིམས་སྲོལ་ལས་འགལ་ནས། ཚོང་ཟོག་རྫུས་མ་ཡིན་པ་ཤེས་བཞིན་དུ་བཙོངས་པ་མ་ཟད། ད་དུང་འཚོང་རྒྱུར་ལུས་པའི་ཚོང་ཟོག་གི་རིན་ཐང་སྒོར་ཁྲི་ཉེར་ལྔ་ཡན་རི་བར་གཞིགས་ནས། 《ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ་བཅས་ཀྱི་ཤེས་བྱའི་ཐོན་དབང་ལ་བཙན་གནོད་ཕོག་པའི་ཉེས་དོན་གྱོད་གཞིར་སྤྱོད་རྒྱུར་འཚམ་པའི་བཅའ་ཁྲིམས》ཀྱི་གནད་དོན་འགའ་ཞིག་གི་བསམ་འཆར་གཏན་འབེབས་གཞིར་བཟུང་། གྲངས་འབོར་མང་བའི་ཁར་ཁོ་པའི་བྱེད་སྤྱོད་ཉེས་ཁྲིམས་ལས་འགལ་ནས་ཐོ་འགོད་ཚོང་རྟགས་རྫུས་མ་བཙོངས་པའི་ཚོང་ཟོག་གི་ཉེས་པ་བསགས་པས་ཉེས་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས་པའི་གཏན་འབེབས་བྱས་པ་རེད། ཡིན་ཡང་། གཅིག་ནས་ཉེས་གསོག་གི་གནས་ཚུལ་ཁྲིམས་འཛིན་ལས་ཁུངས་ཀྱིས་ཤེས་རྟོགས་མ་བྱུང་བ་དང་འདྲི་རྩད་མ་བྱས་པའི་གནས་ཚུལ་འོག རང་འགུལ་ངང་རང་ཉིད་ཀྱི་ཉེས་པ་ངོས་ལེན་ཞུས་པ་དེ་ངོས་ལེན་ཞུས་པའི་ཁོངས་སུ་གཏོགས་པས། ཁྲིམས་ལྟར་ཆད་པ་ཡང་པོ་གཅད་ཆོག་པ་དང་། གཉིས་ནས་ཐོ་འགོད་རྫུན་བཟོ་བྱས་པའི་ཚོང་རྟགས་ཀྱི་ཚོང་ཟོག་རྒྱུ་རྐྱེན་གཞན་དབང་གིས་འཚོང་ཐུབ་མེད་པ་དེ་ཉེས་དམིགས་མ་གྲུབ་པའི་ཁོངས་སུ་གཏོགས་པས། ཆད་གཅོད་ཡང་དུ་གཏོང་ཆོག་པའི་ངོས་འཛིན་བྱས་པ་རེད། གོང་གསལ་གྱི་གནས་ཚུལ་ལ་གཞིགས་ནས་ཞུ་སྦྱོར་ཕྱི་མར་ཆད་པ་ཡང་པོ་གཅད་རྒྱུའི་གཏན་འབེབས་བྱས། གཞུང་གཏུགས་ལས་ཁུངས་ཀྱིས་ཉེས་འཛུགས་ཞུ་གཏུག་བྱས་པའི་ཉེས་གསོག་གི་དོན་དངོས་ཁ་གསལ་བྱུང་བ་དང་དཔང་རྟགས་ཁུངས་བཙན་ཡིན་པས། འོས་འཚམ་གྱི་བཅའ་ཁྲིམས་དོན་ཚན་སྤྱོད་རྒྱུར་ཁྲིམས་ཁང་གིས་རྒྱབ་སྐྱོར་བྱས་ཀྱང་། ཁྲིམས་ཆད་གཅད་རྒྱུའི་ཚད་ཅུང་ལྕི་བས། དེའི་ཐད་ཁྲིམས་ཁང་གིས་ཉེས་བཅད་གནས་ཚུལ་ལ་དབྱེ་ཞིབ་བྱས་ནས་འོས་འཚམ་གྱི་ཉེས་དུས་གཅད་རྒྱུའི་ཐག་བཅད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།