དབུ་ཤོག>ཁྲིམས་ལུགས།
  • ཡུལ་སྐོར་ལམ་དུ་འགྲིམ་འགྲུལ་ལས་འཛོལ་ཐོན། ཁྲིམས་ལ་བརྟེན་ནས་རང་གི་ཁེ་ཕན་བསྲུངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-24

    གྱོད་གཞིར་ཕྱིར་མིག་ལྟ་བ།

    ཞུ་སྦྱོར་སྔ་མ་ཀུང་ཕིང་གིས་བཤད་དོན། 2012ལོའི་ཟླ་10ཚེས་22ཉིན་རང་ཉིད་ཀྱིས་ཡུལ་སྐོར་ལས་དོན་ཁང་ཀ་པ་དང《ཚོགས་པའི་རྒྱལ་ནང་ཡུལ་སྐོར་གན་རྒྱ》བཞག་པ་རེད། གན་རྒྱ་དེའི་ནང་ཞུ་སྦྱོར་ཕྱི་མ་དང་པོ་ཡིན་པའི་ཡུལ་སྐོར་ལས་དོན་ཁང་ཀ་པས་ཞུ་སྦྱོར་སྔ་མ་ཀུང་ཕིང་ལ་ཉིན་གཉིས་རིང་། “ལྷ་ས་ནས་ཉིང་ཁྲིའི་བར”འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ལ་བསྟེན་ནས་ཡུལ་སྐོར་དུ་འཁྲིད་རྒྱུའི་ཁ་ཆད་བྱས། ཡུལ་སྐོར་གྱི་འགྲོ་གྲོན་མི་རེར་སྒོར་200ཡིན་པ་དང་། མི་ཉུང་བར་བརྟེན་ཡུལ་སྐོར་ལས་དོན་ཁང་ཀ་པས་ཀུང་ཕིང་ཡུལ་སྐོར་ལས་དོན་ཁང་ཁ་པར་རྩིས་སྤྲད་ནས་མི་གཞན་དང་མཉམ་དུ་ཚོགས་པ་ཞིག་བཙུགས། ཡུལ་སྐོར་ལས་དོན་ཁང་ཀ་པ་དང་ཡུལ་སྐོར་ལས་དོན་ཁང་ཁ་པ་གཉིས་ཀྱིས་ཀུང་ཕིང་གིས་སྤྲད་པའི་ཡུལ་སྐོར་འགྲོ་གྲོན་སྒོར་200ནང་ནས་སྒོར་100ཡུལ་སྐོར་ལས་དོན་ཁང་ཁ་པར་སྤྲོད་རྒྱུའི་ཁ་ཆད་བྱས། དེ་རྗེས་ཡུལ་སྐོར་ལས་དོན་ཁང་ཁ་པས་ཡུལ་སྐོར་ཁང་ག་པ་དང་ཡུལ་སྐོར་རླངས་འཁོར་བོགས་ལེན་གྱི་གྲོས་མཐུན་བཞག་པ་དང་། ཡུལ་སྐོར་ལས་དོན་ཁང་ག་པས་ཀུང་ཕིང་སོགས་ཡུལ་སྐོར་དུ་འཁྲིད་རྒྱུའི་འགན་ཁུར་བ་རེད། ཡུལ་སྐོར་དུས་ཚོད་ཉིན་གཉིས་ནང་རླངས་འཁོར་གཅིག་གི་འགྲུལ་སྐྱེལ་འགྲོ་གྲོན་སྒོར་1800ཡིན་པ་དང་ཁ་ལོ་བ་ལི་ཞའོ་མིང་རེད།

    2012ལོའི་ཟླ་10ཚེས་23ཉིན་གྱི་ཆུ་ཚོད་དྲུག་དང་སྐར་མ་གཅིག་ཙམ་ལ་ལི་ཞའོ་མིང་གིས་བོད་ལྗོངས་ག་པ་ཡུལ་སྐོར་ལས་དོན་ཁང་ཚད་ཡོད་ཀུང་སིར་བདག་པའི་སྤྱིར་བཏང་གི་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ཤིག་བཏང་སྟེ་ལྷ་ས་ནས་ཉིང་ཁྲིར་སྐྱོད། རྒྱལ་ལམ་318ཀྱི་4615KM+900mསར་སླེབས་སྐབས། ཕྱོགས་གཅིག་ཏུ་སྐྱོད་མཁན་ཡིན་པའི་ཕྱེད་འདྲུད་འཐེན་རླངས་འཁོར་ཆེན་པོ་ཞིག་གིས་རྒྱབ་ནས་བརྡུངས་པས། ཕྱོཌ་གཉིས་པོའི་རླངས་འཁོར་ལ་སྐྱོན་ཤོར་བ་དང་ལི་ཞའོ་མིང་དང་དེ་བཞིན་རླངས་འཁོར་ནང་ཡོད་པའི་འགྲུལ་པ་ཀུང་ཕིང་སོཌ་ལ་རྨས་སྐྱོན་ཕོག

    བརྟག་དཔྱད་བྱས་པ་བརྒྱུད། ལི་ཞའོ་མིང་གིས་ད་ཐེངས་དོན་རྐྱེན་གྱི་འགན་ཚང་མ་འཁུར་དགོས་ཀྱི་ཡོད། དོན་རྐྱེན་ཐོན་རྗེས་ཀུང་ཕིང་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་བ་དང་། སྨན་པས་ཁོང་གི་གཟུགས་པོའི་རུས་པ་ཁག་མང་པོ་ཆག་པ་དང་ངར་གདོང་གཡོན་པའི་རུས་པ་ཆག་པའི་ནད་དཔྱད་བྱས་ཤིང་། སྨན་ཁང་དུ་ཉིན་བརྒྱད་བསྡད། དེའི་རིང་སྨན་རིན་སྒོར་14592.4ཕྱིན་པ་དང་སྨན་རིན་ཚང་མ་ཞུ་སྦྱོར་ཕྱི་མ་ལི་ཞའོ་མིང་གིས་སྤྲད།

    ཀུང་ཕིང་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ནས་དོན་རྗེས། ཀྲེ་ཅང་ཞིང་ཆེན་མི་དམངས་སྨན་ཁང་ལ་བསྡད་པ་དང་། ཐེངས་དང་པོར་སྨན་ཁང་དུ་ཉིན་25བསྡད་པར་སྨན་རིན་སྒོར་130587.31ཕྱིན་པའི་ནང་བདེ་འཁོད་འགན་བཅོལ་བོད་ལྗོངས་ཡན་ལག་ཀུང་སིས་ཀུང་ཕིང་ལ་འགན་བཅོལ་དངུལ་སྒོར་90000སྤྲད།

    2014ལོའི་ཟླ་7ཚེས་25ཉིན་ཞུ་སྦྱོར་སྔ་མ་ཀུང་ཕིང་སླར་ཡང་ཀྲེ་ཅང་ཞིང་ཆེན་མི་དམངས་སྨན་ཁང་དུ་ཉིན་15བསྡད་ནས་སྨན་བཅོས་བྱས་པར་སྨན་རིན་སྒོར་12074.51ཕྱིན།

    ཁྲིམས་ཁང་གིས་ཁྲིམས་ཤོད་པ།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་ཡུལ་སྐོར་ལས་དོན་ཁང་ཀ་པ་ནི་ཞུ་སྦྱོར་སྔ་མ་དང་ཡུལ་སྐོར་གྱི་གན་རྒྱ་དངོས་སུ་འཇོག་མཁན་ཡིན་ན་ཡང་། ཡུལ་སྐོར་ཁང་ཀ་པས་ཞུ་སྦྱོར་སྔ་མའི་མོས་མཐུན་མ་ཐོབ་པར་རང་དགར་ཞུ་སྦྱོར་སྔ་མ་དང་བཞག་པའི་གན་རྒྱ་དེ་ཡུལ་སྐོར་ལས་དོན་ཁང་ཁ་པར་རྩིས་སྤྲད་པ་རེད། འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་། ཡུལ་སྐོར་གཉེར་སྐྱོང་པས་རང་དགར་རང་ཉིད་ཀྱི་ཡུལ་སྐོར་ལས་སྒོ་ཡུལ་སྐོར་གཉེར་སྐྱོང་པ་གཞན་ལ་ནང་བཤུག་བྱས་ཚེ། ཡུལ་སྐོར་བར་ཡུལ་སྐོར་བྱེད་རིང་གནོད་འཚེ་ཕོག་ན། ཡུལ་སྐོར་བ་དང་ཡུལ་སྐོར་གན་རྒྱ་བཞག་པའི་ཡུལ་སྐོར་གཉེར་སྐྱོང་བ་དང་དངོས་སུ་ཡུལ་སྐོར་ཞབས་ཞུ་མཁོ་འདོན་བྱེད་མཁན་གཉེར་སྐྱོང་པས་ལེ་འབྲེལ་གྱི་འགན་འཁྲི་འཁུར་དགོས་པའི་ཞུ་གཏུག་རེ་ཞུ་དེར་རྒྱབ་སྐྱོར་བྱེད་དགོས།

    ཞུ་སྦྱོར་ཕྱི་མ་ཡུལ་སྐོར་ལས་དོན་ཁང་ག་པས་ཞུ་སྦྱོར་ཕྱི་མ་ཡུལ་སྐོར་ལས་དོན་ཁང་ཁ་པ་དང་རླངས་འཁོར་བོགས་གཏོང་གི་གྲོས་མཐུན་བཞག་སྟེ། ཞུ་སྦྱོར་ཕྱི་མ་ཡུལ་སྐོར་ལས་དོན་ཁང་ག་པས་ཡུལ་སྐོར་གཞོགས་འདེགས་ཀྱི་ལས་སྒོ་མཁོ་འདོན་བྱས་ཡོད། ཞུ་སྦྱོར་སྔ་མས་ཡུལ་སྐོར་གཞོགས་འདེགས་པས་བདེ་འཇགས་འགན་ལེན་གྱི་འོས་འགན་མ་བསྒྲུབས་པར་བརྟེན། སྐྱིན་ཚབ་ཀྱི་འགན་འཁྲི་འཁུར་དགོས་པའི་རེ་ཞུ་དེར་གཞི་འཛིན་སའི་བཅའ་ཁྲིམས་ཡོད་པར་བརྟེན་ཁྲིམས་ཁང་གིས་དེར་རྒྱབ་སྐྱོར་བྱེད་དགོས།

    ཞུ་སྦྱོར་སྔ་མའི་ཞུ་གཏུག་ནང་བཏོན་པའི་སྐྱིན་ཚབ་ཀྱི་རྣམ་གྲངས་དང་དངུལ་འབོར། དེ་བཞིན་ཚད་གཞི་ནི་ཁྲིམས་ཁང་གིས་བཅའ་ཁྲིམས་ཀྱི་ཞིབ་ཕྲའི་གཏན་འབེབས་དང་ཞུ་སྦྱོར་སྔ་མ་ཕྱོགས་ཀྱིས་བཏོན་པའི་དཔང་རྟགས་གཞིར་བཟུང་། སྐྱིན་ཚབ་ཀྱི་རྣམ་གྲངས་ཁག་ཁྱོན་སྒོར་185877.62ལ་ཞིབ་དཔྱད་གཏན་འཁེལ་བྱས། ཞུ་སྦྱོར་ཕྱི་མ་ཡུལ་སྐོར་ལས་དོན་ཁང་ཀ་པ་དང་། ཡུལ་སྐོར་ལས་དོན་ཁང་ཁ་པ། ཡུལ་སྐོར་ལས་དོན་ཁང་ག་པ། ལི་ཞའོ་མིང་བཅས་ཀྱིས་ལེ་འབྲེལ་གྱི་སྐྱིན་ཚབ་འགན་འཁྲི་འཁུར་དགོས། ཡུལ་སྐོར་ལས་དོན་ཁང་ག་པས་ཀུང་ཕིང་ལ་སྐྱེལ་འདྲེན་འགན་འཁྲིའི་འགན་བཅོལ་སྒོར་300000བྱས་པས། བཏང་ཟིན་པའི་དངུལ་སྒོར་90000འཐེན་རྗེས་བདེ་འཁོད་འགན་བཅོལ་བོད་ལྗོངས་ཡན་ལག་ཀུང་སིས་ཞུ་སྦྱོར་སྔ་མ་ཀུང་ཕིང་ལ་འགན་བཅོལ་དངུལ་སྒོར་185877.62སྤྲོད་དགོས། ཞུ་སྦྱོར་ཕྱི་མ་གཞན་རྣམས་གྱོད་གཞི་དེའི་ནང་སྐྱིན་ཚབ་སྤྲོད་པའི་འགན་འཁྲི་འཁུར་མི་དགོས་པའི་ངོས་འཛིན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།