ཁྲེང་ཀོན་ཆུས་ཁྲིམས་ཁང་གིས“ཁྲེབ་འཚོང་མཁན”མིང་ཐོ་ཐེངས་19གོང་ཞུ་བྱས་པ།
2014ལོའི་ཟླ་6པ་ནས་བཟུང་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་དུས་ཡུན་ལོ་གཅིག་གི་ཁྲིམས་ཐག་གཅོད་རྒྱུར་ལུས་པའི་གྱོད་དོན་གཙང་བཤེར་དང་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་དམིགས་ཚད་དུ་བྱས་པའི“འགག་སྒྲོལ་དམག་འཐབ”བྱེད་སྒོ་སྤེལ་བ་དང་། 2015ལོའི་ཟླ་7ཚེས་20ཉིན་བར་ཁྲེང་ཀོན་ཆུས་ཁྲིམས་ཁང་གིས་འགག་སྒྲོལ་དམག་འཐབ་ལག་བསྟར་བྱས་པའི་གྱོད་གཞི་387ཡི་ནང་། དམངས་འཚོ་དང་འབྲེལ་བའི་གྱོད་གཞི་95དང་། བཙན་སྐུལ་ཕྱིར་སྤོས་རིགས་ཀྱི་གྱོད་གཞི་104 ཡིག་བསྐུར་ངོ་བཅར་གྱི་གྱོད་གཞི་གལ་ཆེན་37བཅས་ཟིན་པ་དང་། འགག་སྒྲོལ་དམག་འཐབ་ལག་བསྟར་བྱས་པའི་གྱོད་ཐག་ཆོད་ཚད་85%ཟིན་ནས་དོ་བདག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད་པ་རེད།
ལས་ཀའི་གྲུབ་འབྲས།
བྱེད་སྒོ་ལོ་གཅིག་སྤེལ་རིང་ཁྲེང་ཀོན་ཆུས་ཁྲིམས་ཁང་གིས། གྱོད་འབྲེལ་མ་དངུལ་སྤྲོད་པའི་ཚོགས་ཆེན་ཐེངས་8འཚོགས་པར་གྱོད་གཞི་200ལྷག་ཙམ་དང་འབྲེལ་བ་ཡོད་པ་དང་། གྱོད་འབྲེལ་མ་དངུལ་སྒོར་ཁྲི་3000ལྷག་ཙམ་སྤྲད་པ་དང་། ཁ་དན་ཚིག་ལ་མ་གནས་པའི་ལག་ལེན་བསྟར་ཡུལ་དམར་འདོན་བྱེད་ཤུགས་ཆེ་རུ་བཏང་བ་དང་སྔ་རྗེས་སུ་ཁ་དན་ཚིག་ལ་མ་གནས་པའི་ལག་ལེན་བསྟར་ཡུལ་མིང་ཐོ་གོང་ཞུ་ཐེངས་19བྱས་པར་གྱོད་གཏུག་རྒྱལ་ཁ་ཐོབ་མཁན་ཕྱོགས་ཀྱི་ཁེ་ཕན་སྲུང་སྐྱོང་ནུས་ལྡན་ཐུབ་པ་རེད།
གྱོད་འབྲེལ་མ་དངུལ་སྤྲོད་པའི་ཚོགས་ཆེན་ཐེངས་8འཚོགས་ཏེ་གྱོད་འབྲེལ་མ་དངུལ་སྒོར་ཁྲི་3000ལྷག་ཙམ་སྤྲད་པ།
“ཁྲིམས་ཐག་གཅོད་རྒྱུར་ལུས་པའི་གྱོད་དོན་མང་པོ་དེ་ལྟ་བུ་ཡོད་པའི་རྒྱུ་མཚན་ནི། གྱོད་གཞི་ལག་བསྟར་བྱེད་པར་དཀའ་ཚད་ཧ་ཅང་ཆེ་བ་དང་། ལྷག་པར་དུ་ཁེ་ལས་ཁྲིམས་མི་དང་འབྲེལ་བའི་གྱོད་གཞི་ཡིན་པ་དང་། གྱོད་གཞི་དེ་རིགས་བཟོ་ཚོང་དང་ཁྲལ་དོན་སོགས་སྡེ་ཚན་མང་པོ་དང་འབྲེལ་བ་ཡོད་པས་ལག་བསྟར་དཀའ་ཚད་ཧ་ཅང་ཆེན་པོ་ཡོད་པ་མ་ཟད། ད་དུང་ཁེ་ལས་དང་ཀུང་སི་ཁག་གཅིག་གིས་ཐོ་འགོད་མ་དངུལ་དངོས་སུ་མི་སྐྱེལ་བའམ་ཡང་ན་གཡོལ་གྱི་ཡོད། རྩིས་ཐོའི་ཐོག་ལག་ལེན་བསྟར་རུང་བའི་མ་དངུལ་དང་རྒྱུ་ནོར་གང་ཡང་མེད་སྟབས། ལག་བསྟར་བྱེད་སྐབས་དཀའ་ཚད་ཧ་ཅང་ཆེན་པོ་ཡོད”ཅེས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁྲིམས་ཁང་ལག་བསྟར་ཅུས་ཀྱི་ཅུས་ཀྲང་ཉི་མ་ཚེ་རིང་གིས་གསར་འགོད་པར་ངོ་སྤྲོད་བྱས་པ་དང་། ཁྲིམས་ཐག་གཅོད་རྒྱུར་ལུས་པའི་གྱོད་དོན་དག་གནས་ཚུལ་དེ་རིགས་ཀྱི་ཁོངས་སུ་གཏོགས་པས་ལག་ལེན་བསྟར་ཡུལ་གྱི་མ་དངུལ་དང་རྒྱུ་ནོར་རྩད་ཆོད་ཐུབ་ཚེ། ཁྲིམས་ཁང་གིས་མགྱོགས་མྱུར་བཙན་ཤེད་བྱ་ཐབས་སྤྱོད་ཀྱི་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཁྲེང་ཀོན་ཆུས་ཁྲིམས་ཁང་གིས་འགག་སྒྲོལ་དམག་འཐབ་བྱེད་སྒོ་སྤེལ་འགོ་ཚུགས་པ་ནས་བཟུང་། གྱོད་འབྲེལ་མ་དངུལ་སྤྲོད་པའི་ཚོགས་ཆེན་ཐེངས་8འཚོགས་པར་གྱོད་གཞི་200ལྷག་ཙམ་དང་འབྲེལ་བ་ཡོད་པ་དང་། གྱོད་འབྲེལ་མ་དངུལ་སྒོར་ཁྲི་3000ལྷག་ཙམ་སྤྲད་པར། གྱོད་གཏུག་རྒྱལ་ཁ་ཐོབ་མཁན་ཕྱོགས་ཀྱི་ཁེ་ཕན་སྲུང་སྐྱོང་ནུས་ལྡན་ཐུབ་པ་རེད།
དེའི་ཐད་གསར་འགོད་པས་གྲོང་ཁུལ་གྱི་གྲོང་མི་ཁག་གཅིག་ལ་བཅར་འདྲི་བྱས་པ་དང་། མི་མང་པོ་ཞིག་གིས་ཁྲིམས་ཁང་ནི་དྲང་སྙོམས་ཡིན་པའི་ངོས་འཛིན་གྱི་ཡོད། གྲོང་མི་བུད་མེད་ཝང་ལགས་ནི་ཀན་སུའུ་ཕིང་ལེའང་ནས་ཡིན་པ་དང་། གྲགས་ཅན་སློབ་ཆེན་ཐོན་རྗེས་ད་ཆ་སྲིད་གཞུང་སྡེ་ཚན་དུ་ལས་ཀ་བྱེད་ཀྱི་ཡོད། ཁོང་གིས“ཁྲིམས་ཁང་ནི་མི་ཚོའི་སེམས་ནང་ཤིན་ཏུ་དྲང་སྙོམས་ཀྱི་སྟེགས་བུ་ཞིག་ཡིན་ལ། འགལ་ཟླ་དང་རྩོད་གཞི་ཐག་གཅོད་བྱེད་པའི་ས་ཆ་ཡིན་པ་དང་། གྱོད་གཏུག་རྒྱལ་ཁ་ཐོབ་ན་འཕྲལ་དུ་ལག་ལེན་བསྟར་ནས་ཁེ་དབང་འགན་ལེན་ཐུབ་པ་བྱེད་དགོས། གལ་ཏེ་གྱོད་གཞུག་རྒྱལ་ཁ་ཐོབ་མཁན་ཕྱོགས་ཀྱི་ཁེ་དབང་ལ་སྲུང་སྐྱོང་མ་ཐུབ་ན། ཁྲིམས་ཁང་དུ་གནད་དོན་ཐག་གཅོད་བྱེད་པར་འགྲོ་དགོས་དོན་མེད”ཅེས་བཤད། གྲོང་མི་སྐུ་ཞབས་ཀྲང་ལགས་ཀྱིས“ཁྲིམས་ཁང་ནི་འགལ་ཟླ་ཐག་གཅོད་བྱེད་པའི་མཐའ་མའི་ཐབས་ལམ་དེ་ཡིན་ལ། ཐབས་ལམ་དེ་ནི་སྲིད་གཞུང་གིས་གནད་དོན་ཐག་གཅོད་བྱེད་པ་ཞིག་ཡིན་པས། འགལ་ཟླ་ཐག་གཅོད་ཐུབ་ངེས་ཡིན་ཞིང་། གལ་ཏེ་ཁྲིམས་ཁང་ནས་ཁྲིམས་ཐག་བཅད་རྗེས་ད་དུང་འགན་ལེན་མ་ཐུབ་ན། མི་རྣམས་ཀྱིས་ཁྲིམས་ཁང་ལ་ཡིད་ཆེས་བྱེད་ཚད་ཆུང་དུ་འགྲོ་ངེས་རེད”ཅེས་བཤད་པ་རེད།
“ཁྲེབ་འཚོང་མཁན”ལ་འཛད་སྤྱོད་མཐོ་པོ་ཚོད་འཛིན་བྱེད་པ་དང་གྲོང་མིས་ཆེད་སྤྱོད་ཁ་པར་བརྒྱབ་ནས་ལྟ་སྐུལ་དང་ཐེར་འདོན་བྱེད་ཆོག་པ།
“འགག་སྒྲོལ་དམག་འཐབ་བྱེད་སྒོའི་ནང་། ང་ཚོས་ལག་བསྟར་ལས་དོན་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁ་དན་ཚིག་ལ་མ་གནས་པའི་ལག་ལེན་བསྟར་ཡུལ་དམར་འདོན་བྱེད་ཤུགས་ཆེ་རུ་བཏང་བ་དང་། སྔ་རྗེས་སུ་ཁ་དན་ཚིག་ལ་མ་གནས་པའི་ལག་ལེན་བསྟར་ཡུལ་མིང་ཐོ་གོང་ཞུ་ཐེངས་19བྱས་པ་ཡིན”ཞེས་ཉི་མ་ཚེ་རིང་གིས་བཤད། “བྱེད་ཐབས་དེ་རིགས་ནི་གཙོ་བོ‘ཁྲེབ་འཚོང་མཁན’འགའ་ཞིག་ལ་དམིགས་པ་ཞིག་ཡིན་པ་དང་། ཁྲིམས་ཁང་གིས་གྱོད་གཏུག་ཕམ་པའི་འཁྲུན་ཐག་བཅད་རྗེས། འོས་འགན་ལག་བསྟར་བྱེད་དགོས་པའི་སྐབས་ལག་ལེན་བསྟར་བའི་ནུས་པ་ཡོད་མོད། འོན་ཀྱང་ལག་ལེན་མ་བསྟར་ན་དམར་འདོན་བྱེད་ཆོག་པ་དང་། དམངས་དོན་གཏུག་བཤེར་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ཏེ་བཀག་ཉར་བྱེད་ཆོག གལ་ཏེ་ད་དུང་འོས་འགན་ལག་ལེན་མ་བསྟར་ཚེ། ང་ཚོས་འཛད་སྤྱོད་མཐོ་བའི་ཚོད་འཛིན་བྱ་རྒྱུ་རེད”ཅེས་ཉི་མ་ཚེ་རིང་གིས་ངོ་སྤྲོད་བྱས་པ་དང་། འཛད་སྤྱོད་མཐོ་བའི་ཚོད་འཛིན་ནི་ལག་ལེན་བསྟར་ཡུལ་གྱིས་འགྲིམ་འགྲུལ་འཁོར་རིགས་སྡོད་སྐབས་གནམ་གྲུ་དང་། མེ་འཁོར་གྱི་ཉལ་ཁྲི་འབོལ་མ། གྲུ་གཟིངས་ཀྱི་རིམ་པ་གཉིས་པ་ཡན་གྱི་རྐུབ་སྟེགས་བཅས་སྡོད་མི་ཆོག་པ་དང་། སྐར་མ་རིམ་པ་ཡན་གྱི་མགྲོན་ཁང་དང་། ཨར་ཁང་། མཚན་མོའི་རོལ་རྩེད་ཁང་། ཀའོ་འར་ཕུའུ་སྤོ་ལོ་རྩེད་ཐང་སོགས་སུ་འཛད་སྤྱོད་བྱེད་མི་རུང་བ། གཏན་འཇགས་རྒྱུ་དངོས་སམ་ཡང་ན་གསར་སྐྲུན་དང་རིམ་པ་མཐོ་བའི་མཛེས་བཟོའི་སྡོད་ཁང་ཉོ་མི་ཆོག་པ། རིམ་པ་མཐོ་བའི་ཡིག་ལས་ཐོག་ཁང་དང་། མགྲོན་ཁང་། ལས་ཤག་སོགས་བོགས་མར་ལེན་མི་ཆོག་པ། གཉེར་སྐྱོང་མིན་པའི་དགོས་ངེས་ཀྱི་འཁོར་རིགས་ཉོ་མི་ཆོག་པ། ཡུལ་སྐོར་དང་སྤྲོ་གསེང་དུ་འགྲོ་མི་ཆོག་པ། བུ་ཕྲུག་སློབ་ཡོན་མཐོ་བའི་སྒེར་འཛུགས་སློབ་གྲྭར་འགྲོ་མི་ཆོག་པ། རིན་གོང་མཐོ་བའི་འགན་བཅོལ་དང་དངུལ་དོན་དོ་དམ་ཐོན་རྫས་ཉོ་མི་ཆོག་པ། འཚོ་བ་དང་ལས་དོན་ཐད་དགོས་ངེས་མིན་པའི་འཛད་སྤྱོད་མཐོ་བའི་བྱ་སྤྱོད་སྤེལ་མི་རུང་བ་བཅས་རེད། ལག་ལེན་བསྟར་ཡུལ་ཚན་པ་ཡིན་ཚེ། འཛད་སྤྱོད་མཐོ་བའི་ཚོད་འཛིན་བྱས་རྗེས་ལག་ལེན་བསྟར་ཡུལ་དང་དེའི་ཁྲིམས་བཅད་འཐུས་མི་དང་། འགན་ཁུར་བ་གཙོ་བོ། བུ་ལོན་འཇལ་རྒྱུར་ཤུགས་རྐྱེན་བཟོ་བའི་ཐད་ཀའི་འགན་ཁུར་མི་སྣ་བཅས་ཀྱིས་ཚན་པའི་རྒྱུ་ནོར་སྤྱད་དེ་གོང་གསལ་གྱི་འཛད་སྤྱོད་བྱ་སྤྱོད་སྤེལ་ཆོག་གི་མེད་པ་རེད།
“4000891521ནི་ལྷ་ས་གྲོང་ཁྱེར་གྱི་གྱོད་གཞི་ལག་བསྟར་བྱེད་པའི་ཆེད་སྤྱོད་ཁ་པར་གཅིག་པུ་དེ་ཡིན་པ་དང་། གྲོང་མིས་ཐད་སྦྲེལ་ཁ་པར་བརྒྱབ་ནས་ཐེར་འདོན་བྱེད་ཆོག་པ་དང་། གྱོད་གཞི་ལག་བསྟར་བྱེད་པའི་མྱུར་ཚད་མགྱོགས་སུ་ནུས་ལྡན་གཏོང་ཐུབ་ལ། གྱོད་གཏུག་ལ་རྒྱལ་ཁ་ཐོབ་མཁན་གྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་ཐུབ”ཅེས་ཉི་མ་ཚེ་རིང་གིས་ངོ་སྤྲོད་བྱས་པ་དང་། གྲོང་མིས་ཆེད་སྤྱོད་ཁ་པར་བརྒྱུད་སྒྲུབ་འགན་ཁུར་མཁན་ཁྲིམས་དཔོན་བཙལ་ནས་གྱོད་གཞིའི་གནས་ཚུལ་ཤེས་རྟོགས་དང་། ལག་ལེན་བསྟར་ཡུལ་གྱི་རྒྱུ་ནོར་ཁུངས་སྣེ་ཐེར་འདོན་བྱེད་ཆོག་ལ། ཁྲིམས་དཔོན་ལ་ཁྲིམས་འགལ་སྒྲིག་འགལ་སྣང་ཚུལ་ཁག་གཅིག་ཐེར་འདོན་བྱེད་ཆོག་པ་དང་། དེ་ལྟར་བྱས་ཚེ་གྱོད་གཞི་ལག་བསྟར་མྱུར་ཚད་མགྱོགས་སུ་གཏོང་ཐུབ་ཅིང་། དོ་བདག་གི་ཁྲིམས་མཐུན་ཁེ་དབང་འགན་ལེན་གང་ལེགས་ཐུབ་ཀྱི་ཡོད་མོད། འོན་ཀྱང་ངེས་པར་དོ་སྣང་བྱེད་དགོས་པ་ཞིག་ལ་ཁ་པར་དེ་བརྒྱབ་མ་ཐག་སྒྲ་འཇུག་བྱེད་ཀྱི་ཡོད་པས་ཆེད་སྤྱོད་ཁ་པར་དེ་རྒྱག་སྐབས་གཟབ་ནན་བྱེད་དགོས།