དབུ་ཤོག>ཁྲིམས་ལུགས།
  • ཆུ་འཐེན་ཆུ་འབུད་ཀྱི་ཆོག་འཐུས་ལག་ཁྱེར་མེད་པའི་ལས་གྲྭ་ཞིག་ལ་བཙན་ཤེད་ཀྱིས་ལས་མཚམས་འཇོག་ཏུ་བཅུག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-21

    fffzzz000000.jpg

    འདི་ནི་ལས་དོན་མི་སྣས་སྒྲིག་སྲོལ་ལས་འགལ་བའི་ལས་ཡུལ་ལ་ལྟ་ཞིབ་བྱེད་པའི་གནས་ཚུལ་ཡིན་པ།

    ལྷ་ས་གྲོང་ཁྱེར་གྱི་ས་འོག་ཆུའི་ཐོན་ཁུངས་སྲུང་སྐྱོང་བྱ་ཆེད་དང་ཨར་ལས་ཆུ་འཐེན་ཆུ་འབུད་དོ་དམ་ལས་དོན་གྱི་འབྲེལ་ཡོད་གཏན་འབེབས་དོན་འཁྱོལ་བྱ་ཆེད། ལྷ་ས་གྲོང་ཁྱེར་ཆུ་བེད་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་མཉམ་འགུལ་ཁྲིམས་འཛིན་ཉིང་ལག་རུ་ཁག་དང་མཉམ་དུ་སྣེའུ་ཁུལ་གསར་གྱི་སྒྲིག་སྲོལ་ལས་འགལ་ནས་ཆུ་འཐེན་ཆུ་འབུད་ལས་སྒོ་གཉེར་བའི་ལས་གྲྭ་ཞིག་ལ་བཙན་ཤེད་ཀྱིས་ལས་མཚམས་འཇོག་ཏུ་བཅུག་པ་རེད།

    “ལས་གྲྭ་ཞིག་གིས་སྒྲིག་སྲོལ་ལས་འགལ་ཏེ་ལས་ཡུལ་ནས་ཆུ་འཐེན་ཆུ་འབུད་བྱས་པའི་རྐྱེན་གྱིས་ལམ་ངོས་སུ་ཆུ་མང་པོ་འཁྱིལ་འདུག་ཅེས་ཟླ་བ་གཅིག་གི་གོང་དུ་གྲོང་མི་ཞིག་གིས་ཐེར་འདོན་བྱས་པ་རེད། ང་ཚོས་བརྟག་དཔྱད་བྱས་པ་བརྒྱུད། གནས་ཚུལ་དེ་ངོ་མ་རེད་འདུག”ལྷ་ས་གྲོང་ཁྱེར་ཆུ་བེད་ཅུས་ཀྱི་ལས་དོན་མི་སྣ་ཞིག་གིས“ང་ཚོས་ལས་ཡུལ་དུ་ཞིབ་བཤེར་བྱེད་པར་སྐྱོད་སྐབས་ཆོག་མཆན་མ་ཐོབ་པའི་གནས་ཚུལ་འོག་ལས་གྲྭ་དེས་སྒྲིག་སྲོལ་ལས་འགལ་ནས་ཁྲོན་པ་22དྲུས་པ་དང་སྐབས་དེར་ཁྲོན་པ་15ཡི་ནང་བཙུགས་པའི་ཆུ་འཐེན་འཕྲུལ་འཁོར་གྱིས་ཆུ་འཐེན་བཞིན་འདུག”ཅེས་བཤད་བྱུང་།

    དེ་རྗེས་ལྷ་ས་གྲོང་ཁྱེར་ཆུ་བེད་ཅུས་ཀྱི་ལས་དོན་མི་སྣས་ལས་གྲྭ་དེར་ལས་མཚམས་བཞག་ནས་བཅོས་སྒྲིག་བྱེད་དགོས་པའི་བརྡ་ཐོ་བཏང་སྟེ། ཨར་ལས་ཚན་པ་དེའི་འགན་འཁུར་བར་འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་མཁོ་འདོན་བྱེད་དགོས་པ་དང་ཨར་ལས་ཆུ་འཐེན་ཆུ་འབུད་ཆོག་འཐུས་ལག་ཁྱེར་གསབ་གཉེར་བྱེད་དགོས་པའི་བླང་བྱ་བཏོན་མོད། འོན་ཏེ་ལས་གྲྭ་དེས་ཆོག་འཐུས་ལག་ཁྱེར་དུས་ཐོག་ཏུ་གསབ་གཉེར་བྱས་མེད་ལ། ཆུ་བེད་ཅུས་ཀྱི་འབྲེལ་ཡོད་ཁོའོ་ཧྲེ་ལ་དགོས་ངེས་ཀྱི་དཔྱད་གཞིའི་ཡིག་རིཌ་ཀྱང་མཁོ་འདོན་བྱས་མེད་པ་རེད།

    ལྷ་ས་གྲོང་ཁྱེར་ཆུ་བེད་ཅུས་ཀྱི་ལས་དོན་མི་སྣས་བརྡ་ཐོ་ཡང་ཡང་བཏང་བ་དང་ཁ་ཏ་བསླབ་བྱ་ཐེངས་མང་བྱས་ནའང་། ཨར་ལས་ཚན་པ་དེའི་འགན་འཁུར་བས་སྔར་བཞིན་བྱ་སྤྱོད་གང་ཡང་སྤེལ་མེད། མཐར་ལྷ་ས་གྲོང་ཁྱེར་ཆུ་བེད་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་མཉམ་འགུལ་ཁྲིམས་འཛིན་ཉིང་ལག་རུ་ཁག་དང་མཉམ་དུ་ལས་ཡུལ་དུ་བསྐྱོད་ནས་ཨར་ལས་ཚན་པར་བཙན་ཤེད་ཀྱིས་ལས་མཚམས་འཇོག་ཏུ་བཅུག་པ་རེད། མཉམ་འགུལ་ཁྲིམས་འཛིན་ཉིང་ལག་རུ་ཁག་གི་ལས་དོན་མི་སྣ་མཉམ་དུ་ཡོད་པ་མཐོང་རྗེས་ཨར་ལས་ཚན་པ་དེའི་འགན་འཁུར་བའི་རྣམ་འགྱུར་གཞི་ནས་ལེཌ་སུ་ཕྱིན་པ་རེད།

    ལྷ་ས་གྲོང་ཁྱེར་ཆུ་བེད་ཅུས་ཀྱི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ཨར་རྒྱག་ལས་ཡུལ་དུ་ཆུ་འཐེན་ཆུ་འབུད་བྱེད་དགོས་བྱུང་ན། ཉིན་30ཡི་གོང་ནས་ཆུ་འབུད་དང་ཆུ་འཐེན་ཆོག་འཐུས་ལག་ཁྱེར་གཉེར་རྒྱུའི་རེ་འདུན་ཞུ་དགོས་པ་དང་ཆུ་བེད་ཅུས་ཀྱི་ལས་དོན་མི་སྣས་དེའི་འོས་བབ་ལ་ཞིབ་དཔྱད་བྱས་པ་དང་ཆབས་ཅིག ལས་དུས་ཉི་ཤུའི་ནང་ཆོག་འཐུས་ལག་ཁྱེར་གཉེར་རྒྱུ་རེད། ཆོག་འཐུས་ལག་ཁྱེར་ཐོབ་རྗེས་ཨར་ལས་ཚན་པ་ཕྱོགས་ཀྱིས་ཆུ་འཐེན་དང་། ཆུ་འབུད་བཅས་ཀྱི་ལས་སྒོ་སྤེལ་ཆོག ཆུ་འཐེན་ཆུ་འབུད་བྱེད་མཇུག་འགྲིལ་རྗེས་ལས་ཡུལ་དུ་ཆུ་འཐེན་ཆུ་འབུད་བྱེད་མཇུག་འགྲིལ་བའི་གནས་ཚུལ་སྙན་སེང་ཞུ་དགོས་པ་དང་ཆུ་བེད་ཅུས་ཀྱི་ལས་དོན་མི་སྣས་ས་གནས་ས་ཐོག་ཏུ་ཁྲོན་པ་རྣམས་བརྒྱངས་ནས་བཀག་ཡོད་མེད་བསྐྱར་ཞིབ་བྱེད་ཀྱི་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཨར་ལས་ཚན་པས་ཆུ་འཐེན་ཆུ་འབུད་བྱེད་སྐབས་ངེས་པར་དུ་ཁྲོན་པའི་གྲངས་འབོར་དང་། ཆུ་འཐེན་འཕྲུལ་འཁོར་གྱི་ཤུགས་ཚད། བེད་སྤྱོད་ཡུན་ཚད་བཅས་ཀྱི་གནས་ཚུལ་སྙན་སེང་ཞུ་དགོས་པ་དང་གནས་ཚུལ་དེ་དག་ཆུའི་ཐོན་ཁུངས་གྲོན་དངུལ་རྩིས་རྒྱག་ཀྱི་གཞི་འཛིན་ས་བྱེད་ཀྱི་ཡོད། གལ་ཏེ་ཨར་ལས་ཚན་པས་གནས་ཚུལ་སྦ་གསང་བྱས་ནས་སྙན་སེང་མ་ཞུས་ན་དེ་མཚུངས་ཀྱི་དངུལ་ཆད་གཅོད་རྒྱུ་ཕུད། ད་དུང་ཆུ་འཐེན་འཕྲུལ་འཁོར་གྱི་ཤུགས་ཚད་ཆེ་ཤོས་གཞི་གྲངས་སུ་བྱ་རྒྱུ་དང་འབྲེལ་ཆུ་འབུད་ཚད་མཐོ་ཤོས་གཞིར་བཟུང་ཆུའི་ཐོན་ཁུངས་གྲོན་དངུལ་འཇལ་དུ་འཇུག་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།