དབུ་ཤོག>ཁྲིམས་ལུགས།
  • མགོ་སྐོར་མ་ཐེབས་བྱེད་དགོས་ན། གན་རྒྱར་ཞིབ་བཤེར་ནན་ཏན་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-21

    གྱོད་གཞིའི་གཞི་རྩའི་གནས་ཚུལ།ཞུ་སྦྱོར་ཕྱི་མ་ལི་ག་གེ་མོས་མིང་ལ་ཝང་ག་གེ་མོ་ཞེས་བཀོད་པའི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་དང་། ཁང་པའི་ལག་ཁྱེར། ས་ཆའི་ལག་ཁྱེར་བཅས་རྫུས་མ་བཟོས་ནས་རླངས་འཁོར་བོགས་གཏོང་ཀུང་སི་དང་ལྕགས་ལེབ་བོགས་གཏོང་ཀུང་སི་མང་པོ་ཞིག་བཙལ་ནས། རང་ཉིད་ས་ཁང་གི་ཚོང་རྒྱག་གི་ཡོད། མ་དངུལ་ཁ་ཐང་རྐྱེན་སྐྱེད་ཀ་མཐོ་པོ་སྤྲད་དེ་མི་གཞན་ནས་དངུལ་གཡར་བ་མ་ཟད། དེའི་ཁང་པའི་ལག་ཁྱེར་གཏའ་མར་འཇོག་འདོད་ཡོད་ཅེས་སྐྱག་རྫུན་བཤད་པ་དང་འབྲེལ། དངུལ་གཡར་གན་རྒྱ་བཞག་ནས་ལི་ག་གེ་མོས་གན་རྒྱའི་ཐོག་ཝང་ག་གེ་མོ་ཞེས་མིང་བཀོད་པ་མ་ཟད། ཁང་པའི་ལག་ཁྱེར་རྫུས་མ་དེ་གཏའ་མར་བཞག་ནས་བོགས་གཏོང་རླངས་འཁོར་8དང་ལྕགས་ལེབ་རླངས་འཁོར་བཅུ་གྲངས་སྔ་རྗེས་སུ་བོགས་མར་བླངས།

    གྱོད་གཞིར་དབྱེ་ཞིབ་བྱས་པ།

    སྨྱུག་འཛིན་པའི་བསམ་བློར་ལི་ག་གེ་མོའི་བྱེད་སྤྱོད་དེ་གན་འཇོག་ཁ་བསླུས་བརྒྱབ་པའི་ནག་ཉེས་གྲུབ་པ་རེད་བསམས་བྱུང་། ཁ་བསླུས་བརྒྱབ་པའི་ནག་ཉེས་དང་གན་འཇོག་ཁ་བསླུས་བརྒྱབ་པའི་ནག་ཉེས་ཀྱི་འབྲེལ་བ་ནི་སྤྱིར་བཏང་གི་ཁྲིམས་ལུགས་སྲོལ་ཡིག་དང་དམིགས་བསལ་གྱི་ཁྲིམས་ལུགས་སྲོལ་ཡིག་གི་འབྲེལ་བ་རེད། ཁ་བསླུས་བརྒྱབ་པའི་ནག་ཉེས་ནི་སྤྱིར་བཏང་གི་ཁྲིམས་ལུགས་སྲོལ་ཡིག་དང་གན་འཇོག་ཁ་བསླུས་བརྒྱབ་པའི་ནག་ཉེས་ནི་དམིགས་བསལ་གྱི་ཁ་བསླུས་བརྒྱབ་པའི་ནག་ཉེས་རེད། གན་འཇོག་ཁ་བསླུས་བརྒྱབ་པའི་ནག་ཉེས་ཀྱི་བྱེད་སྤྱོད་དེ་ངེས་པར་དུ་ཁ་བསླུས་བརྒྱབ་པའི་ནག་ཉེས་གྲུབ་པའི་རྒྱུ་རྐྱེན་ཚང་བ་ཞིག་རེད་ཅེས་བརྗོད་ཆོག ནག་ཉེས་དེ་གཉིས་དབར་འདུ་བ་དང་བསྡུས་པའི་འབྲེལ་བ་རེད། དེར་བརྟེན་ཉེས་ཁྲིམས་ནང་གན་འཇོག་ཁ་བསླུས་བརྒྱབ་པའི་ནག་ཉེས་ཟུར་དུ་གཏན་འབེབས་བྱེད་དོན་ནི་གན་འཇོག་དང་གན་འཇོག་ལག་བསྟར་བྱེད་སྟངས་ཐད་ཁ་བསླུས་བརྒྱབ་པའི་བྱེད་སྤྱོད་ལག་བསྟར་བྱས་པ་དང་། དེའི་བྱེད་སྤྱོད་ནི་སྤྱིར་བཏང་གི་ཁ་བསླུས་བརྒྱབ་པའི་ནག་ཉེས་དང་བསྡུར་ན། ཐུན་མོང་རང་བཞིན་ལྡན་ལ་དམིགས་བསལ་རང་བཞིན་ཡང་ལྡན་པས་རེད། རང་རྒྱལ་གྱི་ཉེས་ཁྲིམས་ཀྱི་འབྲེལ་ཡོད་སྲོལ་ཡིག་གི་གཏན་འབེབས་ཀྱི་བརྒྱུད་རིམ་ལ་ཕྱོགས་བསྡུས་བྱས་ནས་བལྟས་ན། གན་འཇོག་ཁ་བསླུས་བརྒྱབ་པའི་ནག་ཉེས་དེ་ཁ་བསླུས་བརྒྱབ་པའི་ནག་ཉེས་ཁྲོད་ནས་ཕྱེ་བའི་ཉེས་སྤྱོད་རྣམ་གྲངས་ཤིག་རེད།

    ནག་ཉེས་དེ་གཉིས་ཀྱི་ཉེས་གསོག་བྱེད་པོ་ནི་སྤྱིར་བཏང་གི་བྱེད་པོ་ཡིན་པས་ཁྲིམས་གཏན་འཁེལ་བའི་ཉེས་དོན་འགན་འཁྲིའི་ལོ་ཚད་ལོན་མཁན་དང་ཉེས་དོན་འགན་འཁྲིའི་ནུས་པ་ལྡན་མཁན་རེད། དེ་གཉིས་ནི་རང་ངོས་ནས་བརྗོད་ན། གཉིས་ཀར་ཁྲིམས་འགལ་བདག་བཟུང་དམིགས་ཡུལ་དུ་བྱས་པ་དང་། གཞན་ངོས་ནས་བརྗོད་ན། དོན་དངོས་རྫུན་བཟོ་དང་གནས་ཚུལ་ངོ་མ་སྦ་གསང་བྱས་པའི་བྱེད་སྟངས་སྤྱད་དེ་གཞུང་དང་སྒེར་གྱི་རྒྱུ་ནོར་ཁ་བསླུས་བརྒྱབ་པའི་བྱེད་སྤྱོད་ལག་བསྟར་བྱས་པ་ཞིག་རེད། འོན་ཀྱང་གནོད་འཚེ་གཏོང་ཡུལ་ལ་བལྟས་ན། གན་འཇོག་ཁ་བསླུས་བརྒྱབ་པའི་ནག་ཉེས་ནས་བརྗོད་ན། གན་འཇོག་ཁ་བསླུས་བརྒྱབ་པའི་ནག་ཉེས་ལ་གཞུང་དང་སྒེར་གྱི་རྒྱུ་ནོར་བདག་དབང་ལ་གནོད་འཚེ་བཏང་བ་ཕུད། ད་དུང་རྒྱུན་གཏན་གྱི་ཁྲོམ་རའི་ཉོ་ཚོང་སྒྲིག་ལམ་ལ་གནོད་འཚེ་བཏང་བ་ཞིག་ཡིན་པ་མ་ཟད། གན་རྒྱ་འཇོག་མཁན་ཕྱོགས་གཉིས་པོའི་ཕན་ཚུན་ཡིད་ཆེས་ཀྱི་འབྲེལ་བར་ཡང་གནོད་འཚེ་བཏང་བ་ཞིག་རེད། དེར་བརྟེན་རྩ་བའི་ཐོག་ནས་ཚོང་ཟོག་ཉོ་ཚོང་གི་རྨང་གཞིར་གཡོ་འགུལ་ཐེབས་ལ་གན་འཇོག་ཁ་བསླུས་བརྒྱབ་པའི་ནག་ཉེས་དེ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་ལམ་ལ་གནོད་འཚེ་བཏང་བའི་ནག་ཉེས་ཀྱི་རྒྱུ་རྐྱེན་ཁོངས་སུ་གཏོགས། ཕྱི་རོལ་ཡུལ་ནས་བལྟས་ན། གན་འཇོག་ཁ་བསླུས་བརྒྱབ་པའི་ནག་ཉེས་ནི་གན་རྒྱ་འཇོག་པའི་བརྒྱུད་རིམ་ཁྲོད་མིང་འགོད་པ་དང་ལག་བསྟར་བྱེད་རྒྱུ་ཁོ་ན་ལས་མི་བརྒལ་བ་བྱ་རྒྱུ་དེ་རེད། དོན་དངོས་རྫུན་བཟོ་དང་གནས་ཚུལ་ངོ་མ་སྦ་གསང་བྱེད་པའི་བྱ་ཐབས་སྤྱད་དེ་གན་རྒྱ་འཇོག་མཁན་ཕྱོགས་གཞན་པའི་རྒྱུ་ནོར་ཁ་བསླུས་བརྒྱབ་པའི་བྱེད་སྤྱོད་ཡིན་པ་དང་། སྤྱིར་བཏང་གི་ཁ་བསླུས་བརྒྱབ་པའི་བྱེད་སྤྱོད་ལ་སྣ་ཁ་མང་པོ་ཡོད་པས་ཁྲིམས་འཛུགས་པས་སྒོ་དབྱེའི་ཉེས་གསོག་གནས་ཚུལ་ཤོད་སྟངས་སྤྱོད་ཀྱི་ཡོད།

    གྱོད་གཞི་དེའི་ཁྲོད་ཞུ་སྦྱོར་ཕྱི་མ་ལི་ག་གེ་མོས་ཁང་པའི་ལག་ཁྱེར་རྫུས་མ་གཏའ་མར་བཞག་ནས་གནོད་འཚེ་ཕོག་མཁན་གྱི་ཡིད་ཆེས་ཐོབ་ཐབས་བྱས་ནས་གནོད་འཚེ་ཕོག་མཁན་སུང་ག་གེ་མོ་དང་དངུལ་གཡར་གན་རྒྱ་བཞག་པ་མ་ཟད། ཝང་ག་གེ་མོའི་མིང་གི་ཐོག་ནས་གན་རྒྱ་རྫུས་མ་བཞག་པ་རེད། ཞུ་སྦྱོར་ཕྱི་མ་ཝང་ག་གེ་མོར་ཁ་ཆད་ལག་བསྟར་བྱེད་པའི་ནུས་པ་དངོས་མེད་པ་དང་དེར་དངུལ་དང་དངོས་པོ་ཁ་བསླུས་བརྒྱབ་པ་དག་ཕྱིར་སློག་པའི་ནུས་པའང་མེད། ཞུ་སྦྱོར་ཕྱི་མ་ལི་ག་གེ་མོས་ཁྲིམས་འགལ་བདག་བཟུང་དམིགས་ཡུལ་དུ་བྱས་ནས་གནོད་འཚེ་ཕོག་མཁན་དང་དངུལ་གཡར་གན་རྒྱ་རྫུས་མ་ཞིག་བཞག་པ་མ་ཟད། ཁང་པའི་ལག་ཁྱེར་རྫུས་མ་ཞིག་བཟོས་ནས་གཏའ་མར་བཞག་སྟེ། རྒྱུ་ནོར་མང་པོ་ཞིག་ཁ་བསླུས་བརྒྱབ་པས་གཞུང་དང་སྒེར་གྱི་རྒྱུ་ནོར་བདག་དབང་ལ་གནོད་འཚེ་ཚབས་ཆེན་བཏང་བ་དང་འབྲེལ་རྒྱུན་གཏན་གྱི་ཁྲོམ་རའི་ཉོ་ཚོང་སྒྲིག་ལམ་ལ་གནོད་འཚེ་བཏང་བ་དང་གན་འཇོག་ཕྱོགས་གཉིས་པོས་ཡིད་ཆེས་བྱེད་པའི་འབྲེལ་བར་གནོད་འཚེ་བཏང་བར་བརྟེན་བྱེད་སྤྱོད་དེ་གན་འཇོག་ཁ་བསླུས་བརྒྱབ་པའི་ནག་ཉེས་གྲུབ་པའི་རྒྱུ་རྐྱེན་གལ་ཆེན་དང་རྦད་དེ་མཐུན་ཡོད།

    ས་ཁང་བདག་ཁོངས་ཀྱི་ཚོང་རྒྱག་ཁུལ་བྱས་ནས་སྐྱེད་ཀ་མཐོ་པོ་སྤྲད་པའི་དོན་དངོས་དེ་གན་རྒྱ་མ་བཞག་གོང་ཐོན་པ་ལས་གན་རྒྱ་འཇོག་པ་དང་ལག་བསྟར་བྱེད་པའི་གོ་རིམ་ཁྲོད་ཐོན་པ་མིན་ཡང་། གོང་གི་དོན་དངོས་རྫུན་བཟོ་བྱེད་པའི་བྱེད་སྤྱོད་དང་དེའི་རྗེས་མཐུད་ཀྱི་གན་རྒྱ་འཇོག་པ་དང་ཁང་པའི་ལག་ཁྱེར་རྫུས་མ་གཏའ་མར་བཞག་པའི་བྱེད་སྤྱོད་དེ་ནི་ཁ་བསླུས་རྒྱག་པའི་བྱེད་སྤྱོད་ཀྱི་གོ་རིམ་ཧྲིལ་པོ་ཡིན་པས་དེ་ལོགས་སུ་བཀར་ནས་སོ་སོར་གདེང་འཇོག་བྱེད་མི་འོས། དེར་བརྟེན་ཞུ་སྦྱོར་ཕྱི་མ་ལི་ག་གེ་མོའི་བྱེད་སྤྱོད་དེར་གན་འཇོག་ཁ་བསླུས་བརྒྱབ་པའི་ཉེས་པའི་ཐོག་ནས་དེའི་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།