དབུ་ཤོག>ཁྲིམས་ལུགས།
  • སྨན་རིན་ཐོལ་པ་བླངས་པ་ཁས་མ་བླངས། ཉེན་རྟོག་པ་ལ་སྙན་སེང་ཞུ་དགོས་བྱུང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-07

    ཟླ་7ཚེས་1ཉིན་གྲོང་མི་ཤའོ་ལགས་ཀྱིས་འདི་ག་ཚགས་པར་ཁང་དུ་ཁ་པར་བརྒྱབ་ནས་རང་ཉིད་ཀྱིས་ཉི་འོད་གླིང་ཕྲན་གྱི་བཟོ་རྩལ་དངོས་པོ་ཚོང་ས་ཞིག་ནས་སྒོར་2400སྤྲད་དེ་ཀླད་པའི་ཁྲག་རྩ་གཤོང་ཐུབ་པའི་སྨན་རྒྱ་མ་གང་ཉོས་ནས་དེ་རང་དུ་ཕྱེ་མ་བཟོས་ལུགས་དང་། ཕྱིས་སུ་གོང་མཐོ་དྲགས་འདུག་སྙམ་ནས་ཚོང་ཁང་ལ་འཛིན་ཤོག་བྲིས་རོགས་ཞེས་ཤོད་སྐབས་ཚོང་ཁང་གིས་ཁས་བླངས་མེད་པའི་སྐོར། ད་དུང་ཉེ་འགྲམ་གྱི་ཚོང་ཁང་དུ་རིན་གོང་སྐད་ཆ་འདྲི་སྐབས་རང་ཉིད་ཀྱིས་གོང་མཐོ་པོ་སྤྲད་པ་ཤེས་པ་སོགས་བཤད།

    སྨན་ཉོས་པར་འཛིན་ཤོག་མ་སྤྲད་པ།

    སྐུ་ཞབས་ཤའོ་ལགས་ཀྱིས་བཤད་པར་གཞིགས་ན། ཟླ་6ཚེས་30ཉིན་གྱི་ཕྱི་དྲོ་ཁོང་དང་གྲོགས་པོ་ཉི་འོད་གླིང་ཕྲན་དུ་ཡོད་པའི་བཟོ་རྩལ་དངོས་པོ་ཚོང་ས་ཞིག་ནང་འཛུལ་བ་དང་དེ་རྗེས་སྐེད་པ་དང་རྐང་པའི་ན་ཟུག་འཇོག་པ་དང་། རྐང་ལག་སྦྲིད་པ། རུལ་ཚིགས་ནད་བཅོས་ཐུབ་པ་བཅས་ཀྱི་ཀླད་པའི་ཁྲག་རྩ་གཤོང་སྨན་ཞིག་མཐོང་བ་དང་དེ་ཉོ་དགོས་སྙམ། ཁེ་རེར་སྒོར་12བྱེད་པ་མཐོང་སྐབས་སེམས་ནང་གོང་མཐོ་དྲག་འདུག་སྙམ་ཀྱང་ཉོ་འདོད་ཆེ་བར་གྱུར། དེའི་སྐབས་སུ་མི་ཞིག་ཚོང་ཁང་ནང་ཡོང་ནས་རིན་གོང་འཕར་བཅག་ཚུར་བཅག་བྱས་རྗེས་ཁེ་རེར་སྒོར་ལྔ་བྱས་ཏེ་ཀླད་པའི་ཁྲག་རྩ་གཤོང་བའི་སྨན་དེ་ཉོས། སྐུ་ཞབས་ཤའོ་ཡིས་དེ་འཕྲལ་ཁེ་རེར་སྒོར་5སྤྲད་དེ་ཁེ་550ཉོས་ནས་བསྡོམས་དངུལ་སྒོར་2400སྤྲད་པ་དང་འབྲེལ་ཚོང་ཁང་ལ་ཕྱེ་མ་བཟོ་རོགས་ཞེས་བཤད།

    དེ་རྗེས་བསམ་བློ་ག་ཚོད་བཏང་ཡང་གོང་ཆེ་དྲག་འདུག་སྙམ་ནས་ཚོང་ཁང་ལ་འཛིན་ཤོག་འབྲི་རོགས་ཞེས་བཤད། འོན་ཀྱང་ཚོང་ཁང་གིས་རྒྱུ་མཚན་གཞན་ལ་ཁ་གཡར་ནས་འཛིན་ཤོག་མ་བྲིས་པས་ཁོང་འོ་ཐུག་དེ་ཚོང་ཁང་ནས་བྲལ། དེ་རྗེས་ཉེ་འགྲམ་གྱི་ཚོང་ཁང་ནས་རང་ཉིད་ཀྱིས་ཉོས་པའི་སྨན་དེ་མཐོང་ནས་རིན་གོང་སྐད་ཆ་འདྲི་སྐབས་རྒྱ་མ་རེར་སྒོར་བརྒྱ་བྱེད་པ་ཤེས། འུ་ཐུག་པའི་ཁོང་གིས་ཚོང་ཁང་ཁ་ཤས་སུ་བསྐྱོད་དེ་རིན་གོང་འདྲི་སྐབས་ཚོང་ཁང་དེས་རང་ཉིད་ཀྱི་ས་ནས་གོང་མཐོ་པོ་བླངས་པ་ཤེས། དེ་ནས་ཁོང་སླར་ཡང་ཚོང་ཁང་དེར་སྐྱོད་ནས་འཛིན་ཤོག་འབྲི་དགོས་པ་དང་དངུལ་ཐོལ་པ་རྣམས་ཕྱིར་སློག་བྱེད་དགོས་ཞེས་བཤད་ཀྱང་ཚོང་ཁང་དེས་ཁས་མ་བླངས་པར་བརྟེན་ཉེན་རྟོག་པར་སྙན་སེང་ཞུ་དགོས་བྱུང་། མི་དམངས་ཉེན་རྟོག་པའི་འདུམ་འགྲིག་འོག་ཚོང་ཁང་དེས་ཁོང་ལ་འཛིན་ཤོག་བྲིས་ཀྱང་དངུལ་སློག་རྒྱུའི་རེ་བ་དེ་ཁས་བླངས་མེད།

    “འཛིན་ཤོག་བྲིས་ཀྱང་། འཛིན་ཤོག་ཐོག་དངོས་པོའི་མིང་བྲིས་མིན་འདུག ངའི་བློ་ལ་གོང་ཆེན་པོ་སྤྲད་པའི་དངོས་པོ་ཉོས་པ་མ་ཟད། དངོས་ཟོག་གི་སྤུས་ཚད་ལ་བློས་འགེལ་མི་ཐུབ་པའི་ཚོར་སྣང་ཡོང་གི་འདུག”ཅེས་སྐུ་ཞབས་ཤའོ་ཡིས་དེ་ལྟར་བརྗོད། གཞན་ཡང་ཁོང་གིས་ཆོ་མེད་པའི་དངུལ་བཏང་བ་དེར་སེམས་སྐྱིད་པོ་མ་བྱུང་བ་དང་ཚོང་ཁང་ལ་འཛིན་ཤོག་འབྲི་དགོས་བཤད་ཀྱང་མི་སྤྲད་པར་མཐར་ཉེན་རྟོག་པར་ཞུས་ནས་འདུམ་འགྲིག་བྱས་ཀྱང་རྒྱུ་རྐྱེན་སྣ་ཚོགས་རྐྱེན་གྱིས་ཕྱོགས་གཉིས་པོའི་དབར་འདུམ་འགྲིག་ཡག་པོ་བྱུང་མེད། ཟླ་7ཚེས་1ཉིན་གྱི་ཕྱི་དྲོ། མི་དམངས་ཉེན་རྟོག་པའི་འདུམ་འགྲིག་འོག་ཚོང་ཁང་གིས་སྐུ་ཞབས་ཤའོ་ལ་དངུལ་སྒོར་2100ཕྱིར་སློག་བྱས་པ་དང་ཁོང་གིས་ཉོས་པའི་དངོས་པོ་ཚོང་ཁང་ལ་ཕར་སྤྲད་པ་རེད།

    གསར་འགོད་པས་ཤེས་རྟོགས་བྱེད་སྐབས། ཀླད་པའི་ཁྲག་རྩ་གཤོང་བྱེད་ཀྱི་ཡུལ་ཟོག་དེར་ཚོང་ཁང་དེས་ཁེ་རེར་སྒོར་12བྱེད་པ་དང་སྐུ་ཞབས་ཤའོ་ཡིས་ཁེ་ལྔ་རེར་སྒོར་550བྱས་ནས་ཁྱོན་བསྡོམས་སྒོར་2400སྤྲད། ཕྱིས་སུ་གྲོགས་པོས་གོང་ཆེ་དྲགས་པའི་སྐོར་བརྗོད་པས་ཉི་འོད་གླིང་ཕྲན་ཉེ་འགྲམ་གྱི་ཚོང་ཁང་ཁ་ཤས་སུ་གོང་ཚད་སྐད་ཆ་འདྲི་སྐབས་རྒྱ་མ་གཅིག་ལ་སྒོར་བརྒྱ་བྱེད་པ་ཤེས། དེས་ན་ཁོང་གིས་ཚོང་ཁང་དེར་བསྐྱོད་དེ་གོང་ཆེ་དྲགས་པའི་སྐོར་བརྗོད་ཀྱང་ཚོང་ཁང་གིས་ཁས་མ་བླངས་པར་བརྟེན་ཉེན་རྟོག་པར་སྙན་སེང་ཞུ་དགོས་བྱུང་།

    fffzzz08.jpg

    འདི་ནི་སྐུ་ཞབས་ཤའོ་ཡིས་ཉོས་པའི་ཀླད་པའི་ཁྲག་རྩ་གཤོང་བའི་སྨན་ཕྱེ་མ་ཡིན་པ།

    མི་དམངས་ཉེན་རྟོག་པའི་འདུམ་འགྲིག་འོག་ཕྱོགས་གཉིས་པོའི་དབར་མཐུན་འགྲིག་བྱུང་བ།

    གསར་འགོད་པས་ཉེ་ཆར་བཟོ་རྩལ་ཐོན་རྫས་ཚོང་ཁང་དེ་ནས་གནས་ཚུལ་འདྲི་སྐབས་ཚོང་ཁང་དེའི་སྦྱིན་བདག་སྐུ་ཞབས་ཀྲང་ལགས་ཀྱིས“སྐུ་ཞབས་ཤའོ་ལགས་ཀྱིས་འཛིན་ཤོག་དགོས་ཟེར་བའི་དུས་སུ་ཟླ་མཇུག་ཏུ་སླེབས་པ་དང་ཚོང་ཁང་ནང་སྐུ་མགྲོན་མང་པོ་ཡོད་པས་འཛིན་ཤོག་འདང་གི་མ་རེད་སྙམ་བྱུང་། ངས་སྐུ་ཞབས་ཤའོ་ལགས་ལ་གལ་ཏེ་ཁྱེད་རང་ལ་འཛིན་ཤོག་མཁོ་ཚེ་ཁྱེད་ཀྱི་བཞུགས་གནས་ཀྱི་ས་མིང་འཇོག་རོགས། འཛིན་ཤོག་འདང་ངེས་ཡོད་པའི་དུས་སུ་ཁྱེད་ལ་བསྐུར་ཆོག་ཅེས་གསལ་བཤད་བྱས་ཀྱང་ཁོང་དགའ་པོ་མ་ ་བྱུང་བར་འཛིན་ཤོག་ལམ་སེང་དགོས་ཟེར་གྱི་འདུག དེ་རྗེས་མི་དམངས་ཉེན་རྟོག་པའི་མཐུན་སྦྱོར་འོག་ངས་ཁོང་ལ་འཛིན་ཤོག་ཁ་གསབ་བྱས་པ་ཡིན། དེའི་རྗེས་སུ་ཡུན་རིང་མ་སོང་བར་ཁོང་སླར་ཡང་ང་ཚོའི་ཚོང་ཁང་དུ་ཡོང་ནས་སྐད་ཤུགས་ཆེན་པོས་དངུལ་སློག་དགོས་ཟེར་གྱི་འདུག སྐབས་དེ་དུས་ཚོང་ཁང་ནང་སྐུ་མགྲོན་མང་པོ་ཡོད་པས་ང་ཚོའི་ཚོང་ལ་ཤུགས་རྐྱེན་ཐེབས་སྟབས་ངས་ཉེན་རྟོག་ཕྱོགས་ལ་ཁ་པར་བརྒྱབ་པ་ཡིན”ཞེས་བཤད་བྱུང་།

    ཐོག་མའི་དུས་ནས་ཕྱོགས་གཉིས་པོའི་དབར་འདུམ་འགྲིག་ཡག་པོ་མ་བྱུང་བའི་སྐོར་གླེང་སྐབས་སྐུ་ཞབས་ཀྲང་ལགས་ཀྱིས“ཀླད་པའི་ཁྲག་རྩ་ཤོང་བའི་སྨན་དེ་རིགས་སྤྱིར་བཏང་ཐོག་ཞིབ་མོ་བཟོས་རྗེས་ཚོང་ཁག་པོ་ཡོད། ང་ཚོའི་ཚོང་ཁང་ནང་རྟག་ཏུ་རིན་གོང་གསལ་པོ་བྲིས་ནས་འཚོང་གི་ཡོད། སྐུ་ཞབས་ཤའོ་ལགས་ཀྱིས་དེ་ཉོས་རྗེས་རིན་མཐོ་དྲག་འདུག་སྙམ་ནས་ཕྱིར་སློག་པར་ཡོང་བ་ཞིག་རེད། གནས་ཚུལ་དེ་འདྲ་སུ་ཞིག་ལ་ཐོན་རུང་དགའ་པོ་ཡོང་གི་མ་རེད”ཅེས་བཤད་བྱུང་། སྟབས་ལེགས་པ་ཞིག་ལ་ཟླ་7ཚེས་1ཉིན་གྱི་ཕྱི་དྲོ་ཚོང་ཁང་དེ་དང་སྐུ་ཞབས་ཤའོ་ལགས་དབར་འདུམ་འགྲིག་བྱུང་བ་དང་མཐར་ཚོང་ཁང་དེས་སྐུ་ཞབས་ཤའོ་ལགས་ལ་སྒོར་2100ཕྱིར་སློག་བྱས་པ་དང་བཙོངས་པའི་ཀླད་པའི་ཁྲག་རྩ་ཤོང་བའི་སྨན་དེ་དག་ཚུར་བླངས་པ་རེད། གནས་ཚུལ་དེ་ཐོན་རྗེས་གླིང་ཕྲན་གཉིས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་གོང་གསལ་གྱི་གནས་ཚུལ་འདྲ་འཕྲད་ཚེ་འཛད་སྤྱོད་པས་ཐད་ཀར་ཁ་པར་ཨང་གྲངས་12315བརྒྱབ་ནས་འབྲེལ་ཡོད་སྡེ་ཚན་ལ་སྙན་སེང་ཞུ་ཆོག་ལ་ཉོ་ཚོང་བྱེད་མཁན་ཕྱོགས་གཉིས་པོས་ཐག་གཅོད་བྱས་ནའང་འགྲིག་པའི་དྲན་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།