དབུ་ཤོག>ཁྲིམས་ལུགས།
  • བོགས་གཏོང་ཁང་པའི་ནང་ནས་སྤྱོད་གཅིག་མའི་འགྱིག་ཁུག་ཁྲི་50རྩད་ཆོད་པ།

  •     སྤེལ་དུས།  2015-05-26

    fz0526sb11.jpg

    “འགྱིག་ཁུག་འདི་ལྟ་བུ་ས་སྦས་བཏང་ནའང་ལོ་100རིང་རུལ་མི་ཐུབ། དེས་ན་དངོས་པོ་དེ་དག་གིས་ཁོར་ཡུག་ལ་གཏོར་བཤིག་གཏོང་ཚད་ཆེན་པོ་གང་འདྲ་མེད་དམ”བཅར་འདྲི་བྱེད་སྐབས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲོང་ཁྱེར་ལས་དོན་དང་བཀོད་པ་དོ་དམ་ཨུ་ལྷན་ཁྲིམས་སྲོལ་ཁོའོ་ཡི་ཁོའོ་ཀྲང་ལུའོ་ཁྲོན་གྱིས་བཤད། ཉེ་ཆར། ཁྲེང་ཀོན་ཆུས་གྲོང་ཁྱེར་ལས་དོན་དང་བཀོད་པ་དོ་དམ་ཨུ་ལྷན་གྱི་ཁྲིམས་འཛིན་མི་སྣས་འབྲེལ་ཡོད་ཚན་པ་3དང་མཉམ་འབྲེལ་བྱས་ནས་ལྷ་ས་གྲོང་ཁྱེར་གྱི་སྡེ་ཁུལ་ཞིག་གི་བོགས་གཏོང་ཁང་པའི་ནང་ནས་སྤྱོད་གཅིག་མའི་འགྱིག་ཁུག་ཁྲི་50རྩད་ཆོད་པ་རེད།

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲོང་ཁྱེར་ལས་དོན་དང་བཀོད་པ་དོ་དམ་ཨུ་ལྷན་ལ་གཤོངས་དགའ་སྡེ་ཁུལ་སྐོར་གཡེང་རུ་ཁག་གི་ཁ་པར་འབྱོར་བར། རྒྱུན་གཏན་གྱི་སྐོར་གཡེང་བྱེད་པའི་བརྒྱུད་རིམ་ནང་སྐོར་གཡེང་རུ་མིས་སྡེ་ཁུལ་ནང་མི་འགའ་ཞིག་གིས་སྤྱོད་གཅིག་མའི་འགྱིག་ཁུག་འཚོང་བ་མཐོང་།

    དོན་རྐྱེན་།

    བོགས་གཏོང་ཁང་པའི་ནང་གི་འགྱིག་ཁུག་མཛོད་ཁང་།

    སྐོར་གཡེང་རུ་མིས་གཤོངས་དགའ་སྡེ་ཁུལ་གྱི་གྲོང་མིའི་ཁང་པའི་སྒོ་རའི་ནང་གི་བོགས་གཏོང་ཁང་པ་ཞིག་ནས་སྤྱོད་གཅིག་མའི་འགྱིག་ཁུག་མང་པོ་མཐོང་མ་ཐག་ཁྲེང་ཀོན་ཆུས་ཁོར་ཡུག་སྲུང་སྐྱོང་ཅུས་དང་ཁྲེང་ཀོན་ཆུས་གྲོང་ཁྱེར་ལས་དོན་དང་བཀོད་པ་དོ་དམ་ཨུ་ལྷན་གྱི་ཁྲིམས་འཛིན་མི་སྣ་དང་ཁོངས་གཏོགས་ཀྱི་ཉེན་རྟོག་ལས་དོན་ས་ཚིགས་ལ་བརྡ་ཐོ་བཏང་།

    ཁ་པར་འབྱོར་རྗེས་ཁྲེང་ཀོན་ཆུས་གྲོང་ཁྱེར་ལས་དོན་དང་བཀོད་པ་ཨུ་ལྷན་གྱི་འབྲེལ་ཡོད་ཁྲིམས་འཛིན་མི་སྣ་འཕྲལ་དུ་སྡེ་ཁུལ་གྱི་གྲོང་ལྷན་དང་། ཁོར་ཡུག་སྲུང་སྐྱོང་སྡེ་ཚན། ཁོངས་གཏོགས་ཀྱི་ཉེན་རྟོག་ལས་དོན་ས་ཚིགས་བཅས་ཀྱི་མི་དམངས་ཉེན་རྟོག་པ་དང་མཉམ་དུ་ས་ཆ་དེར་ཞིབ་བཤེར་བྱེད་པར་བསྐྱོད་པས་ས་ཆ་དེ་རང་ནས་སྤྱོད་གཅིག་མའི་འགྱིག་ཁུག་ཁྲི་50རྩད་ཆོད།

    ས་ཆ་དེར་ཁྲིམས་འཛིན་བྱེད་མཁན་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ཞིབ་བཤེར་བྱེད་པའི་བརྒྱུད་རིམ་ནང་གྲོང་མིའི་སྡོད་ཁང་གི་སྒོ་ར་ཆེ་མོའི་ནང་གི་བོགས་གཏོང་ཁང་པ་གཞན་ཞིག་ནས་སྤྱོད་གཅིག་མའི་འགྱིག་ཁུག་འཚོང་གི་འདུག་ཅེས་ཡུལ་མིས་སྙན་སེང་ཞུས་བྱུང་། ཁྲིམས་འཛིན་མི་སྣས་དེ་འཕྲལ་བརྟག་དཔྱད་བྱས་ཀྱང་། བོགས་གཏོང་ཁང་པ་དེ་བོགས་མར་ལེན་མཁན་གྱིས་བརྟག་དཔྱད་བྱེད་མཁན་ཡོད་པ་ཤེས་འཕྲལ་མྱུར་དུ་བྲོས།

    གནོད་འཚེ་།

    ལོ་100སྦས་ཀྱང་རུལ་མི་སྲིད།

    དེ་རྗེས་སྡེ་ཁུལ་གྱི་གྲོང་ལྷན་དང་། ཁོར་ཡུག་སྲུང་སྐྱོང་སྡེ་ཚན། ཁོངས་གཏོགས་ཉེན་རྟོག་ལས་དོན་ས་ཚིགས་བཅས་ཀྱིས་སྤྱོད་གཅིག་མའི་འགྱིག་ཁུག་ཁྲི་50དེ་དག་ཁྲེང་ཀོན་ཆུས་གྲོང་ཁྱེར་ལས་དོན་དང་བཀོད་པ་དོ་དམ་ཨུ་ལྷན་ལ་རྩིས་སྤྲད། ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་2012ལོར་སྤེལ་བའི《ལྷ་ས་གྲོང་ཁྱེར་དུ་སྤྱོད་གཅིག་མའི་འགྱིག་སོབ་ཀྱི་ཟ་སྣོད་དང་འགྱིག་ཁུག་གཏན་འགོག་བྱ་རྒྱུའི་དོ་དམ་བྱ་ཐབས》ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས། སྤྱོད་གཅིག་མའི་འགྱིག་ཁུག་མཛོད་ཉར་དང་འཚོང་བའི་བྱེད་སྤྱོད་དེ་རིགས་སྤེལ་ཚེ་སྤྱོད་གཅིག་མའི་འགྱིག་ཁུག་ཚང་མ་གཞུང་བཞེས་གཏོང་བ་དང་འབྲེལ་སྒོར་500ཡན་དང་སྒོར་1000མན་གྱི་དངུལ་ཆད་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེན་ཡོད་ཚེ་སྒོར་1000ཡན་དང་སྒོར་2000མན་གྱི་དངུལ་ཆད་གཅོད་རྒྱུ་རེད། “ད་རེས་རྩད་ཆོད་པའི་སྤྱོད་གཅིག་མའི་འགྱིག་ཁུག་ཁྲི་50དེ་དག་ནི་མཛོད་ཉར་བྱེད་ཚད་མང་ཁར་གནས་ཚུལ་ཚབས་ཆེ་བའི་བྱེད་སྤྱོད་གཅིག་ཡིན་པས་སྒོར་1000ཡན་དང་སྒོར་2000མན་གྱི་དངུལ་ཆད་གཅོད་རྒྱུ་རེད”ཅེས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲོང་ཁྱེར་ལས་དོན་དང་བཀོད་པ་དོ་དམ་ཨུ་ལྷན་ཁྲིམས་འཛིན་ཁོའོ་ཡི་ཁོའོ་ཀྲང་ལུའོ་ཁྲོན་གྱིས་ངོ་སྤྲོད་བྱས།

    བཅར་འདྲི་བྱེད་སྐབས་ལུའོ་ཁྲོན་གྱིས་གསར་འགོད་པར། སྤྱོད་གཅིག་མའི་འགྱིག་ཁུག་ནི་ཁོར་ཡུག་ལ་གནོད་འཚེ་ཧ་ཅང་ཆེན་པོ་ཡོད། འགྱིག་ཁུག་གཅིག་གལ་སྲིད་ས་སྦས་བཏང་ཚེ་ལོ་100སོང་ཡང་རུལ་མི་སྲིད། “གལ་སྲིད་འགྱིག་ཁུག་ཁྲི་50དེ་དག་ཚང་མ་བཙོངས་ཚེ་དེ་དག་གིས་ཁོར་ཡུག་ལ་གནོད་འཚེ་ཆེན་པོ་ཇི་ཙམ་བཟོ་སྲིད་དམ”ཞེས་ལུའོ་ཁྲོན་གྱིས་བཤད།

    དཀའ་གནད་།

    གསང་ཐབས་ཀྱིས་མཛོད་ཉར་དང་བྲིན་ཚོང་བྱས་སྟབས་རྩད་གཅོད་དཀའ་བ།

    མིག་སྔར་རང་ལྗོངས་སུ་སྤྱོད་གཅིག་མའི་འགྱིག་ཁུག་བཟོ་གྲྭ་མེད་པ་དང་ལྗོངས་ནང་ཁུལ་གྱི་སྤྱོད་གཅིག་མའི་འགྱིག་ཁུག་རྣམས་སྤྱིར་ན་མཛོད་ཉར་དང་བྲིན་ཚོང་བྱེད་མཁན་གྱིས་ནང་ས་ནས་དབོར་བ་ཞིག་ཡིན། “དེང་སྐབས་འགྲིམ་འགྲུལ་སྟབས་བདེ་པོ་ཡོད་པར་བརྟེན་སྤྱིར་ན་སྐྱེལ་འདྲེན་བྱེད་མཁན་གྱིས་གསང་བ་བྱེད་ཆེད་སྐྱེལ་འདྲེན་སྣོད་ཆས་སྦས་སྟབས་སྣོད་ཆས་ལ་བལྟས་ཚེ་ཁོང་ཚོས་དབོར་བ་ནི་སྤྱོད་གཅིག་མའི་འགྱིག་ཁུག་ཡིན་པ་གཏན་ནས་མི་ཤེས”ཞེས་ལུའོ་ཁྲོན་གྱིས་བཤད། གསར་འགོད་པས་ད་རེས་རྩད་ཆོད་པའི་སྤྱོད་གཅིག་མའི་འགྱིག་ཁུག་ཁྲི་50དེ་དག་ཀྱང་བྱེད་ཐབས་དེ་སྤྱད་པ་ཞིག་ཡིན་པ་དང་སྣོད་ཆས་ཐོག“རྫས་ལུད”དང་“གཟན་ཆས”སོགས་ཀྱི་མིང་བྲིས་ཡོད་སྟབས་སྣོད་ཆས་ཐོག་ནས་དབྱེ་བ་འབྱེད་ཐབས་བྲལ་བ་མཐོང་བྱུང་།

    གསང་བའི་སྒོ་ནས་སྐྱེལ་འདྲེན་དང་མཛོད་ཉར་བྱེད་སྟངས་དེ་རིགས་ཀྱིས་ཁྲིམས་འཛིན་མི་སྣའི་ཞིབ་གཅོད་ལས་དོན་ལ་དཀའ་ངལ་ངེས་ཅན་བཟོས་ཡོད། ལུའོ་ཁྲོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། དེ་སྔ་སྤྱོད་གཅིག་མའི་འགྱིག་ཁུག་མང་པོ་ཞིག་ནི་མཛོད་ཁང་ཆེ་གྲས་ནང་ཉར་སྟབས་རྩད་གཅོད་སླ་ཙམ་ཡོད། དེང་སྐབས་ཚོང་མཁན་མང་པོ་ཞིག་གིས་གྲོང་མིའི་སྡོད་ཁང་དང་བོགས་གཏོང་ཁང་པའི་ནང་ཉར་རྗེས་ཆག་པ་རེ་གཉིས་བྱས་ནས་འཚོང་བས་ཞིབ་གཅོད་ཀྱི་དཀའ་གནད་ཆེ་རུ་འགྲོ་ཡི་ཡོད།

    “ང་ཚོ་ས་ཆ་དེར་ཞིབ་བཤེར་བྱེད་པར་སྐྱོད་སྐབས་ངེས་པར་དུ་ལས་གོས་གྱོན་དགོས་པ་དང་ལས་གོས་གྱོན་པའི་ང་ཚོ་མཐོང་སྐབས་ཚོང་དུད་ཚང་མས་འཕྲལ་མར་སྤྱོད་བཞིན་པའི་འགྱིག་ཁུག་སྦ་ཡི་ཡོད”སྐབས་འགར་སྤྱོད་བཞིན་པ་འཛིན་ཐུབ་ནའང་སྤྱིར་ན་དངུལ་ཆད་སྒོར་50གཏོང་བ་དང་འགྱིག་ཁུག་གཞུང་བཞེས་གཏོང་གི་ཡོད། “ཚོང་དུད་མང་པོ་ཞིག་གིས་དངུལ་ཆད་དེ་ཙམ་ལ་གང་ཡང་མི་བརྩི་བས་སྤྱོད་གཅིག་མའི་འགྱིག་ཁུག་སྤྱོད་པའི་སྣང་ཚུལ་བཀག་སྡོམ་ལན་མང་བྱས་ཀྱང་མཚམས་ཆད་ཀྱི་མེད”ཅེས་ལུའོ་ཁྲོན་གྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།