དབུ་ཤོག>ཁྲིམས་ལུགས།
  • གཅུང་མོའི་ཁྱིམ་གྱིས་སྐྱིན་ཚབ་སྒོར་ཁྲི་33སྤྲོད་དགོས་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-02-03

    0203gggt1.jpg

    གང་གནང་གི་མ་རེད། མང་ཙམ་མཆོད་དང་།

    ལོ་64ལ་སླེབས་པའི་རྒད་པོ་ཤའོ་ལགས་ལ་གཅེན་མོའི་སྐྱེ་སྐར་གསོལ་སྟོན་ཐོག་ཨ་རག་ཨུ་ཚུགས་ངང་བླུགས་པས། ར་བཟི་ནས་སྟབས་མི་ལེགས་པར་འགྱེལ་ཞིང་། ཞག་གཅིག་སོང་རྗེས་གཞི་ནས་སྨན་ཁང་དུ་སྨན་བཅོས་བྱེད་པར་སྐྱེལ་བས་དབང་པོ་སྐྱོན་ཅན་དུ་གྱུར་ཡོད། དེའི་གཅེན་མོ་ཤའོ་ལགས་ཀྱང་དེས་རྐྱེན་པས་ཁ་མཆུ་ཕོག་ཅིང་། དེ་ནི་ཨུ་ཚུགས་ཆེ་དྲགས་པའི་མཇུག་འབྲས་ངན་པ་ཞིག་རེད།

    ༡ གཞི་རྩའི་གནས་ཚུལ་།

    2014ལོའི་ཟླ་9ཚེས་24ཉིན་ནི་ཨ་མ་ཤའོ་ལགས་ལོ་69ལ་སླེབས་པའི་སྐྱེ་སྐར་ཡིན་པ་དང་གཉེན་ཉེ་མང་པོ་ཞིག་ཤའོ་ག་གེ་མོའི་ཁྱིམ་དུ་ཁོང་ལ་རྟེན་འབྲེལ་ཞུ་བར་ཡོང་བ་དང་ཕྲུ་གུ་ཚོས་ཀྱང་སྟོན་མོ་གཟབ་རྒྱས་ཤིག་བཤམས། ལོ་64ལ་སླེབས་པའི་ཨ་མ་ཤའོ་ལགས་ཀྱི་གཅུང་པོའང་ཁོང་ལ་རྟེན་འབྲེལ་ཞུ་བར་ཡོང་། ཉིན་དགུང་ལྟོ་ཆས་ཟ་སྐབས་སེམས་རྩ་འཁོལ་བའི་ཨ་མ་ཤའོ་ལགས་ཀྱིས་རང་ཁྱིམ་དུ་བསྙལ་བའི་ཨ་རག་བཀྱག་པ་དང་གཅུང་པོས་བྲོ་བ་ཡག་པོ་ཡོད་པ་ཚོར་ནས་བསྟུད་མར་སྲང་དྲུག་བདུན་ཙམ་བཏུངས། ཉིན་དེའི་ཕྱི་དྲོ་རྒད་པོ་ཤའོ་ལགས་ཀྱི་བུ་མོས་ཨ་མ་ཤའོ་ལགས་ལ་ཁ་པར་བརྒྱབ་འོངས་ནས་ཁོང་གི་པ་ཕར་ཨ་རག་ཉུང་ཙམ་སྟེར་དགོས་པའི་ཁ་ཏ་བྱས། འོན་ཀྱང་ཨ་མ་ཤའོ་ལགས་ཀྱིས་སྔར་བཞིན་གཅུང་པོར་ཨ་རག་ཨུ་ཚུགས་ངང་བཀྱག་པ་དང་གཅུང་པོས་ཀྱང་སླར་ཡང་སྲང་དྲུག་བདུན་བཏུངས། དེ་རྗེས་ཨ་མ་ཤའོ་ལགས་ཀྱི་བུས་ར་བཟི་བའི་ཁོང་སྐྱོར་ནས་གསང་སྤྱོད་དུ་འགྲོ་སྐབས་བསམ་ཡུལ་ལས་འདས་པ་ཞིག་ལ་ཁོང་འགྱེལ། གཉེན་ཉེ་ཚོ་རེ་ཞིག་དངངས་འཚབ་ལངས་ནས་རྒད་པོ་ཤའོ་ལགས་ཧྲ་ཧྥ་སྟེང་བཞག་པ་དང་དེ་དུས་ཁོང་ར་འདམ་བག་ལྟར་བཟི་ཡོད། ཉིན་གཉིས་པའི་ཞོགས་པ་ཨ་མ་ཤའོ་ལགས་ཀྱིས་གཅུང་པོར་ཚོར་སྣང་གང་ཡང་མེད་པའི་ཁར་ཁ་ནས་ཁྲག་དོན་པ་མཐོང་སྐབས་ལམ་སེང་གཅུང་པོའི་ནང་མི་སྐད་བཏང་ནས་ཁོང་སྨན་ཁང་དུ་མྱུར་སྐྱོབ་བྱེད་པར་བསྐྱལ།

    སྨན་པས་བརྟག་དཔྱད་བྱས་པ་བརྒྱུད་རྒད་པོ་ཤའོ་ལགས་ཀྱི་ནད་ཧ་ཅང་ཚབས་ཆེ་བ་དང་མྱུར་སྐྱོབ་བྱས་པ་བརྒྱུད་ཉེན་ཁ་ལས་གྲོལ་མོད། འོན་ཀྱང་ཚེ་གང་དབང་པོ་སྐྱོན་ཅན་དུ་གྱུར་ཡོད། རྨས་སྐྱོན་གསལ་འབྱེད་བྱས་པ་བརྒྱུད་རྒད་པོ་ཤའོ་ལགས་ནི་ཕྱི་རྨས་རང་བཞིན་གྱི་བརྒྱལ་གཟེར་དང་དེ་བཞིན་མགོ་རུས་ལ་རྨས་སྐྱོན་སོགས་ཕོག་ཡོད་པ་རེད། ཨ་མ་ཤའོ་ལགས་ཀྱིས་སྨན་བཅོས་བྱེད་རིང་སྨན་བཅོས་འགྲོ་གྲོན་སྒོར་6500སྤྲད་རྗེས་མཇུག་མཐུད་ཀྱི་སྨན་བཅོས་འགྲོ་གྲོན་སྤྲོད་འདོད་བྱེད་ཀྱི་མེད། 2014ལོའི་ཟླ་11པར་རྒད་པོ་ཤའོ་ལགས་ཀྱིས་རང་ཉིད་ཀྱི་གཅེན་མོ་སོགས་གཉེན་གྲོགས་6ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ་སྟེ་ཁོང་ཚོས་གདན་ཞུ་བྱེད་སྐབས་མཉམ་བཟའ་མཉམ་འཐུང་བྱེད་མཁན་ལ་ལྟ་རྟོག་བྱེད་པའི་འོས་འགན་ཁུར་མེད་པའི་ཐོག་ད་དུང་སྨན་བཅོས་ཀྱི་དུས་ཚོད་ཡག་ཤོས་དེ་ནར་འགྱངས་བྱས་པའི་རྐྱེན་གྱིས་རང་ཉིད་ཚེ་གང་དབང་པོ་སྐྱོན་ཅན་དུ་གྱུར་བའི་ངོས་འཛིན་བྱས།

    ༢ གྱོད་དོན་དབྱེ་ཞིབ་།

    ཁྲིམས་ཁང་ནས་འདྲི་ཞིབ་བྱས་པ་བརྒྱུད་རྒད་པོ་ཤའོ་ལགས་ལོ་64ལ་སླེབས་མོད། འོན་ཀྱང་རང་ཉིད་ཀྱི་གཟུགས་པོར་བདག་གཅེས་མ་བྱས་པར་ཆང་རག་བཏུངས་ནས་རང་ཉིད་ཀྱིས་ཀྱང་རང་གི་ལུས་པོ་སྟངས་འཛིན་བྱེད་མི་ཐུབ་པར་འགྱེལ་བས་རྨས་སྐྱོན་ཕོག་རྗེས་ཀྱི་མཇུག་འབྲས་ཀྱི་འགན་འཁྲི་50%ཁུར་དགོས། འོན་ཀྱང་དུས་མཚུངས་ཨ་མ་ཤའོ་ལགས་དང་ཁོང་གི་བུས་དགའ་ཉེ་སྤུན་མཆེད་ཁྱིམ་དུ་གདན་དྲངས་པར་སྒྲིག་འཛུགས་བྱེད་མཁན་གྱི་ཁུར་དགོས་ངེས་ཀྱི་འགན་འཁྲི་དང་། དོ་དམ་དང་སྲུང་སྐྱོང་འོས་འགན་ཁུར་དགོས་པའི་ངོས་འཛིན་བྱས་པ་རེད།

    རྒད་པོ་ཤའོ་ལགས་ར་བཟི་ནས་འགྱེལ་བའི་སྐབས་ཨ་མ་ཤའོ་ལགས་དང་ཁོང་གི་བུས་རྒད་པོ་ཤའོ་ལགས་ནི་ར་བཟི་བའི་རྐྱེན་གྱིས་ཡིན་པས་གཉིད་ཁུག་ན་དྲག་སྐྱེད་ཡོང་སྙམ་པ་དེ་ནི་སྨན་བཅོས་དུས་འགྱངས་བྱས་པའི་རྒྱུ་རྐྱེན་གཙོ་བོ་དེ་ཡིན་སྟབས་ཨ་མ་ཤའོ་ལགས་ཀྱིས་སྒྲིག་འཛུགས་བྱེད་མཁན་གྱི་ཁུར་དགོས་ངེས་ཀྱི་འགན་འཁྲི་དང་། དོ་དམ་དང་སྲུང་སྐྱོང་འོས་འགན་ཡག་པོ་ཁུར་ཐུབ་མེད་པས་ཨ་མ་ཤའོ་ལགས་དང་ཁོང་གི་བུས་རྨས་སྐྱོན་ཕོག་རྗེས་ཀྱི་མཇུག་འབྲས་ཀྱི་འགན་འཁྲི་20%སོ་སོར་ཁུར་དགོས་པ་དང་། རྒད་པོ་ཤའོ་ལགས་ཀྱི་བུ་མོས་ཁ་པར་ནང་ནས་ཨ་མ་ཤའོ་ལགས་ལ་རང་གི་པ་ཕར་ཨ་རག་བླུགས་མ་གནང་རོགས་ཞེས་བཤད་ནའང་། ཨ་མ་ཤའོ་ལགས་ཀྱིས་སྔར་བཞིན་རྒད་པོ་ཤའོ་ལགས་ལ་ཆང་རག་བཀྱག་ནས་ཁོང་ར་བཟི་སྟེ་འགྱེལ་སྟབས་རྒད་པོ་ཤའོ་ལགས་ཀྱིས་ར་བཟི་བའི་རྒྱུ་རྐྱེན་ཐད་འགན་འཁྲི་ཏོག་ཙམ་ཁུར་དགོས་པས་ཨ་མ་ཤའོ་ལགས་ཀྱིས་སླར་ཡང་རྨས་སྐྱོན་ཕོག་རྗེས་ཀྱི་མཇུག་འབྲས་ཀྱི་འགན་འཁྲི་10%ཁུར་དགོས།

    དགའ་ཉེ་སྤུན་མཆེད་གཞན་དག་གིས་ཆང་རག་འཐུང་རྒྱུར་ཨུ་ཚུགས་བརྒྱབ་མེད་ལ་ཁོང་ཚོ་བྱེད་སྒོའི་སྒྲིག་འཛུགས་བྱེད་མཁན་ཡང་མིན་པས་གྱོད་གཞི་དེའི་ཁྲོད་ནོར་འཁྲུལ་མེད་སྟབས་སྐྱིན་ཚབ་འཇལ་བའི་འགན་འཁྲི་ཁུར་དགོས་དོན་མེད། མཇུག་ཏུ་ཁྲིམས་ཁང་གིས་རྒད་པོ་ཤའོ་ལགས་ར་བཟི་ནས་འགྱེལ་བས་སྨན་བཅོས་འགྲོ་གྲོན་སྒོར་ཁྲི་24ལྷག་ཙམ་དང་། ནད་སྐྱོང་འགྲོ་གྲོན་སྒོར་ཁྲི་26ལྷག་ཙམ། དབང་པོ་སྐྱོན་ཅན་གྱི་སྐྱིན་ཚབ་དངུལ་སྒོར་ཁྲི་9སོགས་ཡོད་པར་བསྡོམས་སྒོར་ཁྲི་66ལྷག་ཙམ་ཕྱིན་ཡོད། ཨ་མ་ཤའོ་ལགས་དང་ཁོང་གི་བུས་འགན་འཁྲིའི་50%ཁུར་དགོས་པས་ཁོང་གཉིས་པོས་སྐྱིན་ཚབ་སྒོར་ཁྲི་33ལྷག་ཙམ་འཇལ་དགོས་ཀྱི་ཡོད་པའི་ངོས་འཛིན་བྱས་པ་རེད།

    ༣ ཞིབ་དཔྱོད་དཔོན་གྱི་ཤོད་སྟངས་།

    དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བས་གཉེན་ཉེ་མཉམ་འཛོམས་བྱེད་སྐབས་ཨ་རག་བཀྱག་དུས་ཨུ་ཚུགས་ཆེ་དྲགས་རྒྱུ་མེད། སྐྱེ་སྐར་དང་གཉེན་སྒྲིག་གསོལ་སྟོན་སོགས་ཀྱི་སྐབས་ཨ་རག་ཨུ་ཚུགས་ངང་བཀྱག་པ་དེ་རང་རྒྱལ་གྱི་སྲོལ་རྒྱུན་གོམས་འདྲིས་དང་མཐུན་གྱི་ཡོད་མོད། འོན་ཀྱང་ཨུ་ཚུགས་ཆེ་དྲགས་ཚེ་གནས་ཚུལ་ངན་པ་ལྷག་ནས་མི་གཞན་གྱི་ཚེ་སྲོག་དབང་ཆ་དང་། བདེ་ཐང་དབང་ཆ། གཟུགས་གཞིའི་དབང་ཆ་བཅས་ལ་གནོད་འཚེ་ཕོག་གི་ཡོད་སྟབས་དེ་མཚུངས་ཀྱི་བཅའ་ཁྲིམས་འགན་འཁྲི་ཁུར་དགོས་ཀྱི་ཡོད། སྟོན་མོ་བཤམས་ནས་མཉམ་དུ་ཨ་རག་འཐུང་རྒྱུ་དེ་སྐྱིད་སྣང་དོད་པའི་དུས་ཤིག་ཡིན་པ་དང་གནས་ཚུལ་མི་ཐོན་པའི་འོག་སེམས་རྩ་འཁོལ་ལ་ཨུ་ཚུགས་ཆེ་བ་དེ་རྣམ་འགྱུར་ཡག་པོ་ཞིག་ཏུ་བརྩི་མོད། འོན་ཀྱང་གནས་ཚུལ་ངན་པ་ཐོན་ཚེ་འགལ་ཟླ་ཆགས་ཀྱི་ཡོད། གསོལ་སྟོན་གཤོམ་མཁན་ཡིན་པའི་ངོས་ནས་ཨ་རག་འཐུང་མཁན་མགྲོན་པོར་ལུགས་དང་མཐུན་པའི་བདེ་འཇགས་འགན་ལེན་དང་ལྟ་རྟོག་གི་འོས་འགན་སྒྲུབ་དགོས་སོ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།