དབུ་ཤོག>འཛམ་གླིང་རྒྱང་ལྟ།>འཛམ་གླིང་གིས་བོད་ལ་ལྟ་བ།
  • 2025ལོའི“ཧི་མ་ལ་ཡའི་མཐའ་འཁོར”གྱི་ཁེ་ལས་མཁས་ཅན་གྱི་རྒྱལ་སྤྱིའི་ཚོགས་འདུ་ཉིང་ཁྲིར་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-30

    ཟླ་6ཚེས་27ཉིན་གྱི་སྔ་དྲོར། ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་དང་། ཧི་མ་ལ་ཡའི་མཐའ་འཁོར་གླེང་སྟེགས་དྲུང་ཡིག་ཁྲུའུ་དང་ཉིང་ཁྲི་གྲོང་ཁྱེར་ཕྱི་དོན་གཞུང་དོན་ཁང་གིས་སྒྲུབ་འགན་འཁུར་བ། ཕྱི་འབྲེལ་པུའུ་དང་བོད་རང་སྐྱོང་ལྗོངས་ཕྱི་དོན་གཞུང་དོན་ཁང་གིས་རྒྱབ་སྐྱོར་བཅས་བྱས་པའི་2025ལོའི་“ཧི་མ་ལ་ཡའི་མཐའ་འཁོར”གྱི་ཁེ་ལས་མཁས་ཅན་གྱི་རྒྱལ་སྤྱིའི་ཚོགས་འདུ་ཉིང་ཁྲིར་འགོ་ཚུགས་པ་རེད།

    ད་ཐེངས་ཀྱི་ཚོགས་འདུ་ནི་ཧི་མ་ལ་ཡའི་མཐའ་འཁོར་གླེང་སྟེགས་ཀྱི་ཡན་ལག་གལ་ཆེན་ཞིག་ཡིན་ཞིང་། “ཧི་མ་ལ་ཡའི་མཐའ་འཁོར་གྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་འདོན་པ”བརྗོད་དོན་གཙོ་བོར་བྱས་པ་དེ་ནི་ཀྲུང་གོའི་ནུབ་རྒྱུད་ཀྱི“གཉེར་སྐྱོང་བློ་གྲོས་སྤེལ་རེས་བྱེད། ཐོན་ལས་ཐོན་ཁུངས་མཐུན་སྦྱོར་བྱེད”ལྟེ་བའི་ངེས་གནས་སུ་བྱེད་པའི་རྒྱལ་སྤྱིའི་རང་བཞིན་གྱི་མཐོ་རིམ་གླེང་མོལ་གྱི་ལས་སྟེགས་དང་པོ་དེ་རེད། ཚོགས་འདུར་སྐབས་རིམ་བྱུང་གི་ཧི་མ་ལ་ཡའི་མཐའ་འཁོར་གླེང་སྟེགས་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་རྒྱུན་མཐུད་བྱས་ཏེ་གཙོ་དོན་གླེང་སྟེགས་དང་། འཚམས་འདྲི་སྤེལ་རེས། རྣམ་གྲངས་གན་འཇོག་སོགས་ཀྱི་ནང་དོན་མང་པོ་བཟོས་ནས“ས་ཁོངས་མཉམ་ལས་ཀྱི་བསམ་བློའི་མཐོ་ས”དང“ཐོན་ལས་གསར་གཏོད་ཀྱི་མཐོ་ཚད”གཏོད་རྒྱུར་འབད་བརྩོན་བྱས་ཏེ་ཧི་མ་ལ་ཡའི་མཐའ་འཁོར་ས་ཁུལ་གྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད།

    ཚོགས་འདུར་ཁྱོན་མི་150ལྷག་ཙམ་ཞུགས་པ་ལས་ཀྲུང་གོར་བཅའ་སྡོད་ཨ་ཧྥུ་ཀ་ནི་སི་ཐན་དང་། ནེ་པ་ལ། ཆི་ལི། ཕ་ཁི་སི་ཐན་སོགས་རྒྱལ་ཁབ་ཀྱི་གཞུང་ཚབ་པ་དང་། སིང་ཀ་ཕོར་དང་། རི་པིན། མར་ཏི་ཝེ། འཇར་མན། ཧན་གོ བྷང་ག་ལ་སོགས་རྒྱལ་ཁབ་ཀྱི་ཁེ་ལས་གྲགས་ཅན་དང་ལས་རིགས་མཐུན་ཚོགས་ཀྱི་འཐུས་མི་ཚུད་ཡོད་པ་རེད། ཀྲུང་གོའི་ཕྱི་འབྲེལ་པུའི་ཨེ་ཤེ་ཡ་སི་དང་། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུས། ཀྲུང་གོ་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་སོགས་པུའུ་ཨུད་ཀྱི་འབྲེལ་ཡོད་བློ་མཐུན་དང་། རྒྱལ་ནང་གི་གྲགས་ཅན་རིགས་གཅིག་མཁས་ཅན་དང་མཁས་དབང་། ཁེ་ལས་ཀྱི་འཐུས་མི། གསར་འགྱུར་སྨྱན་སྦྱོར་གྱི་གསར་འགོད་པ་བཅས་མཉམ་དུ་ཚོགས་འདུར་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།