དབུ་ཤོག>འཛམ་གླིང་རྒྱང་ལྟ།>འཛམ་གླིང་གིས་བོད་ལ་ལྟ་བ།
  • “སྐྱེ་སྟོབས་ཀྱི་དཔལ་འབར་ལ་རེ་བས་ཁེངས་པའི་ཁྱིམ་ཚང་ ཆེ་མོ་ཐུན་མོང་ཐོག་སྐྲུན་དགོས”

    —— ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་གསུམ་པ་ནས་འབྱོར་བའི་གསུང་སྒྲ

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-10-10

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་10ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན་ནས་6ཉིན་བར་ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་གསུམ་པ་བོད་ལྗོངས་ཉིང་ཁྲིར་འཚོགས་ཤིང་། གླེང་སྟེགས་འཚོག་རིང་རྒྱལ་ཁབ་དང་། ས་ཁུལ། རྒྱལ་སྤྱིའི་རྩ་འཛུགས་བཅས་ཀྱི་འཐུས་མི་40ལྷག་ཙམ་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཕེལ་རྒྱས་དང་མཉམ་ལས་སོགས་ཀྱི་གྲོས་གཞིར་དམིགས་ནས། གྲོས་བསྡུར་གཏིང་ཟབ་བྱས་ཏེ་གླེང་སྟེགས་ཀྱིས་ས་ཁུལ་དང་རྒྱལ་ཁབ་དབར་གྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་མངོན་འགྱུར་ཐད་ནུས་པ་གལ་ཆེན་ཐོན་པར་བསྔགས་བརྗོད་བྱས་པ་རེད།

    ཧི་མ་ལ་ཡའི་མཐའ་འཁོར་ས་ཁུལ་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཡིན་པ་དང་དེར་མི་འབོར་མང་བ་དང་། ཤེས་དཔལ་སྣ་མང་། སྐྱེ་ཁམས་སྣ་མང་བཅས་ལྡན་ཡོད།

    ཚོགས་ཞུགས་སྐུ་མགྲོན་གྱིས། སྐབས་འདིའི་གླེང་སྟེགས་ཐོག་གྲགས་ཅན་གྱི་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་ཧི་མ་ལ་ཡའི་མཐའ་འཁོར་ས་ཁུལ་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་ཕྱོགས་མང་པོའི་ཐད་སྤེལ་རེས་དང་བགྲོ་གླེང་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ཀྱིས་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་གཞོལ་བ་ཤེས་རྟོགས་བྱེད་པར་སྐར་ཁུང་གལ་ཆེན་ཞིག་མཁོ་འདོན་བྱས་ཡོད་ཅེས་གསུངས་པ་རེད།

    ཕ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་ཅི་ལཱ་ཉི་ཡིས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཡིན་པའི་ཀྲུང་གོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཐད་ཁས་ལེན་དང་འབད་བརྩོན་ཧུར་ཐག་བྱས་ནས་ནུས་རྒྱུ་ཕྱོགས་སྒྱུར་དང་དྭངས་གཙང་འཕེལ་རྒྱས་ལ་ཐབས་འདོན་ཇུས་འབུལ་དང་མ་དངུལ་བཏང་ཡོད། “བོད་ཀྱི་མཁའ་རླུང་གཙང་མ་དང་སྔོ་ཐིང་ཐིང་གི་ནགས་ཚལ་ནི་ཀྲུང་གོའི་ཁོར་ཡུག་སྲུང་སྐྱོང་ལ་གྲུབ་འབྲས་གཟེངས་སུ་ཐོན་པའི་དཔང་རྟགས་ཤིག་རེད”ཅེས་གསུངས་པ་རེད།

    ཧི་མ་ལ་ཡའི་མཐའ་འཁོར་ས་ཁུལ་ཡང་ཨེ་ཤེ་ཡའི“གཙང་པོའི་ཆུ་འགོ”དང་། “སྐྱེ་ཁམས་ཀྱི་འབྱུང་ཁུངས” གོ་ལ་ཧྲིལ་པོའི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་བཅས་རེད། ད་ཆའི་བོད་དུ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་འཛམ་གླིང་གི་ཁོར་ཡུག་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཏུ་གྱུར་ཡོད།

    ཆི་ལིའི་གྲོས་ཁང་འོག་མའི་གྲོས་དཔོན་གཞོན་པ་གཉིས་པ་ཝ་ལུན་ཏིང་ནཱ·ཞི་ཁཱ་ཏི་ཉིས་ཆི་ལི་ཡིས། ཀྲུང་གོའི་སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་བྱས་ནས་བོད་རང་སྐྱོང་ལྗོངས་ལྟ་བུ་ཁོར་ཡུག་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་འཚོལ་ཞིབ་བྱེད་པར་ཁྲིད་སྟོན་རང་བཞིན་གྱི་འབད་བརྩོན་བྱེད་མཁན་ས་ཁུལ་དང་མཉམ་ལས་བྱེད་པར་ཤུགས་སྣོན་རྒྱག་གི་ཡིན་ཞེས་གསུངས་པ་རེད།

    ཀྲུང་གོར་བཅའ་སྡོད་ས་མོ་ཡའི་གཞུང་ཚབ་ཆེ་མོ་བ་མཱ་ལི་ནཱ་ཡིས། ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མིག་དཔེ་བཟང་པོ་བཏོད་ཡོད། ཆེད་ལས་ཀྱི་ཤེས་བྱ་དང་། གསར་གཏོད། ལག་རྩལ་བཅས་ཀྱི་ཐད་ཀྲུང་གོར་མཉམ་སྤྱོད་བྱེད་རིན་ཡོད་པའི་ཉམས་མྱོང་མང་པོ་ཡོད་པས། རྒྱལ་ཁབ་ཁག་གིས་རང་ངོས་ཀྱི་དོན་དངོས་གནས་ཚུལ་ལ་གཞིགས་ནས་བསྡུ་ལེན་དང་དཔྱད་གཞིར་འཛིན་ཆོག་ཅེས་གསུངས་པ་རེད།

    ཧི་མ་ལ་ཡའི་མཐའ་འཁོར་རྒྱལ་ཁབ་ཀྱི་ས་ཁམས་སྦྲེལ་མཐུད་དང་། རིག་གནས་འདྲ་མཚུངས། ལས་དབང་གཅིག་སྦྲེལ་བཅས་ཡིན་པས་སྐྱེ་ཁམས་སྲུང་སྐྱོང་ཐད་ཚད་མཐོའི་གཅིག་མཚུངས་ཀྱི་ལྟ་སྟངས་ཡོད་པ་མ་ཟད། དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་དུའང་ལག་གདང་སྦྲེལ་ནས་མཉམ་དུ་སྐྱོད་མཁན་གྱི་རོགས་ཟླ་ཞིག་ཀྱང་ཡིན།

    ཤེས་རྟོགས་བྱུང་བར་གཞིགས་ན། རང་རྒྱལ་གྱིས་ཧི་མ་ལ་ཡའི་མཐའ་འཁོར་རྒྱལ་ཁབ་ཁག་དང་ནུས་རྒྱུ་གཙང་མ་དང་། ཆུ་བེད་ལས་གྲྭ བཙོག་ཆུ་གཙང་གསིང་། ནགས་ཚལ་སྲུང་སྐྱོབ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཁྱབ་ཁོངས་སུ་མཉམ་ལས་རྣམ་གྲངས་ཁག་གཅིག་ལག་བསྟར་བྱས་པ་དང་ཆབས་ཅིག ཧི་མ་ལ་ཡའི་མཐའ་འཁོར་རྒྱལ་ཁབ་ཁག་ལ་ཆེད་ལས་ཤེས་ལྡན་པ་འབོར་ཆེན་གསོ་སྦྱོང་བྱེད་རོགས་བྱས་ནས་འབར་མར“ཨེ་ཤེ་ཡ་ཤར་ལྷོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཞིབ་འཇུག་ལྟེ་གནས”བཙུགས་པ་དང་མོང་གོལ་རྒྱལ་ཁབ་ཏུ་ཐང་རྒོད་ཅན་འགོག་བཅོས་མཉམ་ལས་ལྟེ་གནས་བཙུགས་ཡོད་པ་རེད།

    ཚོགས་ཞུགས་སྐུ་མགྲོན་གྱིས་ཀྲུང་གོས་ཧི་མ་ལ་ཡའི་མཐའ་འཁོར་ས་ཁུལ་གྱི་རྒྱལ་ཁབ་ཁག་དང་མཉམ་ལས་རྒྱ་ཁྱབ་དང་གཏིང་ཟབ་བྱས་ནས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་བཏོན་ཡོད། ཕྱོགས་ཁག་གིས་མཉམ་སྦྲེལ་མཉམ་མཐུད་ལ་སྔར་བས་ཤུགས་སྣོན་དང་ཁུལ་ཁོངས་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་བཏང་ནས་གཉིས་ཁེ་གཉིས་ཕན་ཡོང་བ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ནེ་པ་ལའི་རྒྱལ་ཕྲན་མཉམ་འབྲེལ་ཁང་གི་ཀྲུའུ་ཞི་གཞོན་པ་ཨ་ཡར་གྱིས། ཀྲུང་གོས་ས་ཁུལ་དང་རྒྱལ་ཁབ་ཐུན་མོང་ཐོག་དར་རྒྱས་དང་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། “ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ཀྱིས་རྒྱལ་ཁབ་ཁག་གིས་སྒོ་དབྱེའི་ཁོར་ཡུག་ཁྲོད་བསམ་བློ་སྤེལ་རེས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་དེ་བས་ཡངས་པའི་མདུན་ལམ་དང་གོ་སྐབས་མཁོ་འདོན་བྱས་ཡོད་ཅེས་གསུངས་པ་རེད།

    རང་རྒྱལ་གྱི་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པའི་བོད་ཀྱིས་ཐོག་མཐའ་བར་གསུམ་དུ་སྒོ་དབྱེ་མཉམ་ལས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་མཉམ་འདྲེས་གཏིང་ཟབ་བྱེད་པ་དང་། སྐྱིད་གྲོང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་དང་ཀྲུང་གོའི(ལྷ་ས)རྒྱལ་མཚམས་ལས་སྒྲོལ་བའི་དྲ་ཐོག་ཚོང་དོན་ཕྱོགས་བསྡུས་ཚོད་ལྟའི་ཁུལ་ཧུར་ཐག་བསྐྲུན་པ། ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་འཛུགས་པ། སྐྱིད་གྲོང་གི་རྒྱལ་ཁབ་ཀྱི་གཙོ་གནད་གསར་སྤེལ་སྒོ་དབྱེའི་ཚོད་ལྟའི་ཁུལ་འདུན་ཞུ་བྱེད་པར་སྐུལ་འདེད་གཏོང་བ། སྐྱིད་གྲོང་དང་། འགྲམ། སྤུ་ཧྲེང་སོགས་འགག་སྒོ་གཙོ་བོ་ཁག་ཏུ་འགྲུལ་པ་དང་དངོས་ཟོག་གཉིས་ཀ་ཤར་གཏོང་ཐུབ་པ་བཅས་བྱས་ནས་ཨེ་ཤེ་ཡ་ལྷོ་མ་དང་དེ་བཞིན་མཐའ་འཁོར་རྒྱལ་ཁབ་ཀྱི་སྒོ་དབྱེ་མཉམ་ལས་དང་ཐུན་མོང་འཕེལ་རྒྱས་ཐད་ནུས་པ་གལ་ཆེན་བཏོན་ཡོད།

    “ཀྲུང་གོའི་བོད་ལྗོངས་ནི་རྒྱ་གར་དང་། ནེ་པ་ལ། འབྲུག་ཡུལ་སོགས་རྒྱལ་ཁབ་དང་འབྲེལ་ནས་ས་ཁམས་ཆགས་སྟངས་ཧ་ཅང་གལ་ཆེན་པོ་ཡིན་པ་ཚང་མས་གསལ་པོ་ཤེས་ཀྱི་ཡོད་པས། རྒྱལ་མཚམས་སྒྲོལ་ནས་སྐྱེལ་འདྲེན་བྱེད་པར་མངོན་མེད་སྟོབས་ཤུགས་ཆེན་པོ་ལྡན་ཡོད” ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེ་གཞོན་པ་ཉི་ཡ་ཀྲ་ལི་ཡེ་ཧྥུའུ་ཡིས། རྒྱབ་ལྗོངས་དེ་འདྲའི་འོག་ཧི་མ་ལ་ཡའི་མཐའ་འཁོར་གྱི་སྐྱེལ་འདྲེན་དྲ་བ་བཙུགས་པ་དེས་རྒྱལ་ཁབ་ཁག་དབར་གྱི་མཉམ་སྦྲེལ་མཉམ་མཐུད་དང་གཉིས་ཁེ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་ཕན་ཐོགས་ཡོད་ཅེས་གསུངས་པ་རེད།

    “ཀྲུང་གོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཕན་ཚུན་བརྩི་འཇོག་དང་། མཉམ་ལས། ནང་སྲིད་ལ་ཐེ་ཇུས་མི་བྱེད་པ་བཅས་ལྟེ་བར་བྱེད་པའི་སྣེ་མང་ཅན་གྱི་འཛམ་གླིང་ཞིག་བསྐྲུན་རོགས་བྱེད་བཞིན་ཡོད”ཀྲུང་གོར་བཅའ་སྡོད་ནི་ཁ་ར་ཀྭ་ཡི་གཞུང་ཚབ་ཆེ་མོ་བ་ཁན་པེར་གྱིས། ཀྲུང་གོས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དང་མཐུན་ཡོད་པས། རྒྱལ་ཁབ་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།