རང་རྒྱལ་གྱིས་འབྱུང་འཕྲོད་གསོལ་མགྲོན་ཁང་1500ལྷག་ཙམ་བཙུགས་ཡོད་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་ཀྲུང་གོ་གསོལ་མགྲོན་ཁང་མཐུན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི《2022ལོའི་ཀྲུང་གོའི་གསོལ་མགྲོན་ཁང་ལས་རིགས་ཀྱི་སྤྱི་ཚོཌ་འགན་འཁྲིའི་སྙན་སྒྲོན》ལས་མངོན་པར། འབྱུང་འཕྲོད་ནི་བཟའ་བཏུང་ཞག་སྡོད་ཁེ་ལས་ཀྱིས་ཤུགས་རྒྱག་སའི་ཁ་ཕྱོགས་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད། མིག་སྔར་རང་རྒྱལ་གྱིས་འབྱུང་འཕྲོད་གསོལ་མགྲོན་ཁང་1500ལྷག་ཙམ་བཙུགས་ཡོད།
ཀྲུང་གོ་གསོལ་མགྲོན་ཁང་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། འབྱུང་འཕྲོད་གསོལ་མགྲོན་ཁང་ཞེས་པ་ནི་ཁོར་ཡུག་སྲུང་སྐྱོང་གི་བདེ་ཐང་བདེ་འཇགས་འདུ་ཤེས་སྤྱད་དེ་འབྱུང་འཕྲོད་དོ་དམ་མཐའ་འཁྱོངས་དང་། འབྱུང་འཕྲོད་འཛད་སྤྱོད་དར་སྤེལ། སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ཁུངས་ལུགས་མཐུན་སྤྱོད་པ་བཅས་ཀྱི་གསོལ་མགྲོན་ཁང་ཞིག་རེད། དེའི་ལྟེ་བ་ནི་སྐུ་མགྲོན་རྣམས་ལ་སྐྱིད་སྣང་དོད་པ་དང་བདེ་འཇགས་ཡོང་བར་བྱེད་པ་དེ་ཡིན་པ་དང་། དེས་མིའི་བདེ་ཐང་གི་བླང་བྱ་ལྟར་འབྱུང་འཕྲོད་ཀྱི་མགྲོན་ཁང་དང་འབྱུང་འཕྲོད་ཀྱི་བཟའ་བཏུང་མཁོ་འདོན་བྱེད་པར་ཕན་ཐོགས་ཡོད་པ་མ་ཟད། ཐོན་སྐྱེད་དང་གཉེར་སྐྱོང་བྱེད་པའི་བརྒྱུད་རིམ་དུ་ཁོར་ཡུག་ལ་སྲུང་སྐྱོང་དང་ཐོན་ཁུངས་ལུགས་མཐུན་སྤྱོད་པར་ཤུགས་སྣོན་རྒྱག་དགོས་པ་འདི་རེད། སྐར་མ་རིམ་པའི་གསོལ་མགྲོན་ཁང་གི་རིམ་པ་དང་འདྲ་བར་འབྱུང་འཕྲོད་གསོལ་མགྲོན་ཁང་གི་རིམ་པའི་དཔྱད་བསྡུར“ལོ་མ་རིམ་པ”ལ་དབྱེ་བ་ལས།“ལོ་མ་ལྔའི་རིམ་པ”ནི་ཚད་གཞི་མཐོ་ཤོས་རེད།