《ཏང་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་དར་བར་བྱེད་རྒྱུའི་སྐོར་གྱི་ལས་དོན་ཇུས་གཞི》བཀྲམ་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《ཏང་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་དར་བར་བྱེད་རྒྱུའི་སྐོར་གྱི་ལས་དོན་ཇུས་གཞི》བཀྲམ་པ་མ་ཟད། བརྡ་ཐོའང་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
《ཇུས་གཞིའི》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་ཆེད། ཏང་ཀྲུང་དབྱང་གིས། ཏང་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་དར་བར་བྱེད་པ། ཏང་ཡོངས་སུ་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་དགོས་པའི་གཏན་འབེབས་བྱས་ཡོད་ཅེས་བཏོན་ཡོད།
ཏང་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་དར་སྤེལ་གཏོང་བར། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམ་པོར་དམིགས་ནས་གནད་དོན་ལ་ཐད་ཀར་ཕྱོགས་པ་དང་། གནད་དོན་གསེད་བཀྲོལ་ཤུགས་ཆེན་དང་དཀའ་གནད་གྲལ་བཤེར་ཤུགས་ཆེན་བྱས་ཏེ་ལག་ལེན་བསྟར་རིང་གི་འགག་གནད་དང་དཀའ་གནད་སེལ་བར་ཤུགས་སྣོན་རྒྱག་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་འགན་ནུས་དང་འགན་འཁྲིར་གཞིགས་ནས། སྤྱི་ཡོངས་དང་འབྲེལ་བའི་འཐབ་ཇུས་རང་བཞིན་གྱི་བརྟག་ཞིབ་དང་། རྙོག་འཛིང་ཆེ་བའི་དཀའ་གནད་སེལ་བའི་ཐབས་ཇུས་རང་བཞིན་གྱི་བརྟག་ཞིབ། དུས་རབས་གསར་པ་དང་གནས་ཚུལ་གསར་པའི་རྒྱང་ལྟའི་རང་བཞིན་གྱི་བརྟག་ཞིབ། ལས་ཀའི་རྣམ་གྲངས་གལ་ཆེན་གྱི་རྗེས་སྙེག་རང་བཞིན་གྱི་བརྟག་ཞིབ། དཔེ་མཚོན་གྱོད་དཔེའི་དབྱེ་ཞིབ་རྣམ་པའི་བརྟག་ཞིབ། དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་ལྟ་ཞིབ་རྣམ་པའི་བརྟག་ཞིབ་བཅས་ཡག་པོ་སྒྲུབ་པར་དམིགས་ནས་གཙོ་གནད་མངོན་གསལ་དོད་པ་དང་། དཀའ་གནད་ལ་ཐད་ཀར་ཕྱོགས་པ། དོན་དངོས་དང་ཟུང་འབྲེལ་བཅས་བྱས་ནས་བརྟག་ཞིབ་ཀྱི་ནང་དོན་གཏན་འཁེལ་བྱེད་དགོས། གཙོ་བོ་ཕྱོགས་12ཡོད་པ་སྟེ།
1.ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་ཁུལ་དེ་ག་དང་། སྡེ་ཚན་དེ་ག ཁྱབ་ཁོངས་དེ་ག་བཅས་ཀྱི་ལས་དོན་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་གནས་ཚུལ་གཙོ་བོ་དང་གནད་དོན་གལ་ཆེན་དང་།
2.འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་རིང་གི་གནད་དོན་གལ་ཆེན་དང་། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ལ་སྐུལ་འདེད་གཏོང་བ། རྒྱལ་ནང་གི་དགོས་མཁོ་རྒྱ་ཆེར་གཏོང་བ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”དོན་འཁྱོལ། ཕྱི་རྒྱལ་གྱི་མ་དངུལ་བསྡུ་ལེན་དང་བེད་སྤྱོད། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱེད་རིང་གི་གནས་ཚུལ་གཙོ་བོ་དང་གནད་དོན་གལ་ཆེན།
3.འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ཏེ། འབྲུ་རིགས་དང་། ནུས་རྒྱུ། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ། ཐོན་སྐྱེད། ཟས་རིགས་དང་སྨན་རྫས། སྤྱི་པའི་འཕྲོད་བསྟེན་སོགས་ཀྱི་བདེ་འཇགས་འགན་ལེན་དང་དཔལ་འབྱོར་དང་དངུལ་རྩའི་ཉེན་ཁ་གལ་ཆེན་འགོག་ཟོན་དང་སེལ་རིང་གི་གནས་ཚུལ་གཙོ་བོ་དང་གནད་དོན་གལ་ཆེན།
4.ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་གཏོང་རིང་གི་གནད་དོན་གལ་ཆེན་དང་ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་དང་ཆུ་ཚད་མཐོ་པོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པར་སྐུལ་འདེད་གཏོང་རིང་གི་གནས་ཚུལ་གཙོ་བོ་དང་གནད་དོན་གལ་ཆེན།
5.ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་རིང་གི་གནད་དོན་གལ་ཆེན་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྲིམས་བཞིན་སྲིད་འཛིན་ལ་སྐུལ་འདེད་གཏོང་བ། ཁྲིམས་འཛིན་དྲང་གཞག་ནན་པོ། ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་གཙོ་བོ་དང་གནད་དོན་གལ་ཆེན།
6.འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ལ་འཕྲད་པའི་འགྲན་སློང་དང་། རིག་གནས་ཀྱི་རང་རྟོན་རང་དར་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་གསར་འགྱུར་གླེང་ཕྱོགས་ཀྱི་ཁྲིད་སྟོན། དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་བཅས་བྱེད་རིང་གི་གནས་ཚུལ་གཙོ་བོ་དང་གནད་དོན་གལ་ཆེན།
(པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)
7.ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ་དང་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བའི་ཁྲོད་ཀྱི་གནད་དོན་གལ་ཆེན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཕེལ་རྒྱས་ཀྱི་ཧེ་བག་དང་ཡོང་འབབ་བགོ་བཤའི་ཧེ་བག་ཆུང་དུ་གཏོང་བའི་གནས་ཚུལ་གཙོ་བོ་དང་གནད་དོན་གལ་ཆེན།
8.མི་དམངས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མི་དམངས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མི་དམངས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་དང་ལྷག་པར་དུ་ལས་ཞུགས་དང་། སློབ་གསོ། སྨན་བཅོས། བུ་བཅོལ། རྒན་གསོ། སྡོད་ཁང་སོགས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་ཞིབ་ཕྲའི་གནད་དོན།
9.རི་སྔོ་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ལག་བསྟར་བྱེད་པའི་ཁྲོད་ཀྱི་ཧེ་བག་དང་མི་འདང་ས་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བཅས་ཀྱི་གནས་ཚུལ་གཙོ་བོ་དང་གནད་དོན་གལ་ཆེན།
10.སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ཁྲོད་ཀྱི་གནད་དོན་གལ་ཆེན་དང་། གནོད་འཚེ་སྔོན་འགོག་དང་། ཉུང་གཏོང་། རྒུད་སྐྱོབ་བཅས་དང་ཐོལ་བྱུང་སྤྱི་པའི་དོན་རྐྱེན་ཚབས་ཆེན་ཐག་གཅོད་ཀྱི་འགན་ལེན་ཞན་ཆ་དང་། དུས་བབ་གསར་པའི་འོག་མི་དམངས་ནང་ཁུལ་གྱི་འགལ་ཟླ་ཐག་གཅོད་དང་སྤྱི་ཚོགས་བདེ་འཇགས་ཧྲིལ་པོ་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པའི་གནས་ཚུལ་གཙོ་བོ་དང་གནད་དོན་གལ་ཆེན།
11.ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཁྲོད་ཀྱི་གནད་དོན་གལ་ཆེན་དང་། ཏང་གི་འགོ་ཁྲིད་དོན་འཁྱོལ་བྱེད་ཞན་དུ་འགྲོ་བ་དང་། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ནུས་པ་ཞན་པ། ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་མི་འདང་བ་དང་ཐེག་པ་འཁུར་ལེན་མི་འདང་བ། “ངང་པ་ནག་པོ”དང“བསེ་རུ་སྐྱ་བོའི”དོན་རྐྱེན་ལ་ཁ་གཏད་གཅོག་པ་དང་ཉེན་ཆེན་འགོག་སེལ་གྱི་ནུས་པ་ཞན་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་དང་། དམིགས་བསལ་དབང་ཆའི་བསམ་བློ་དང་དམིགས་བསལ་དབང་ཆའི་བྱ་སྤྱོད་སོགས་ཀྱི་གནད་དོན་གལ་ཆེན།
12.ས་ཁུལ་དེ་ག་དང་། སྡེ་ཚན་དེ་ག ཚན་པ་དེ་ག་བཅས་ཀྱིས་ཡུན་རིང་ཐག་གཅོད་མ་བྱུང་བའི་རྙིང་ཆེ་དཀའ་གསུམ་གྱི་གནད་དོན་བཅས་རེད།