གྱོད་གཞིའི་སྤུས་ཚད་དཔྱད་བཤེར་གྱི་ལས་དོན་ལ་སྔར་བས་ཤུགས་སྣོན་དང་ཚད་ལྡན་དུ་བཏང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན་ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་སུ་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་ཀྲུང་དབྱང་སྒྲིག་ཨུད་ཀྱིས《གྱོད་གཞིའི་སྤུས་ཚད་དཔྱད་བཤེར་གྱི་ལས་དོན་ལ་སྔར་བས་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་ནས་ལམ་ལུགས་ཀྱི་ངོས་ནས་རྒྱུན་གཏན་གྱི་དཔྱད་བཤེར་དང་། ཁྱོན་ཡོངས་ནས་དཔྱད་བཤེར། ཆེད་དོན་དཔྱད་བཤེར་བཅས་ཕྱོགས་གསུམ་གཞི་གཅིག་ལ་སྐུལ་འདེད་གཏོང་བའི་གྱོད་གཞིའི་སྤུས་ཚད་དཔྱད་བཤེར་གྱི་ལས་དོན་ལམ་སྲོལ་ཐོག་མར་བཙུགས་པ་རེད།
བསམ་འཆར་གཞིར་བཟུང་བླང་བྱ་བཏོན་དོན། དཔྱད་བཤེར་གྱི་ལས་དོན་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གཅིག་གྱུར་སྒྲིག་འཛུགས་དང་ལག་བསྟར་དང་། གྱོད་གཞི་ཞིབ་གཅོད་སྡེ་ཚན་གྱིས་སྣེ་ཁྲིད་ཞིབ་ཕྲ་བྱེད་པ། འབྲེལ་ཡོད་སྡེ་ཚན་གཞན་དག་མཉམ་དུ་ཞུགས་པ་བཅས་བྱེད་དགོས། རྒྱུན་གཏན་གྱི་དཔྱད་བཤེར་ཏན་ཏིག་དང་ཞིབ་ཕྲ་བྱས་ཏེ་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་དེ་བཞིན་མངགས་གཏོང་བྱས་པའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་ཨུ་ལྷན་གྱིས་ཆོག་མཆན་འགོད་པ་དང་ཐོ་འགོད་སྙན་སེང་གི་གྱོད་གཞི་སོགས་ཞིབ་གཅོད་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ནས་དུས་གཅིག་ཏུ་དཔྱད་བཤེར་བྱེད་པ་དང་འབྲེལ་དུས་ཐོག་ཏུ་བརྡ་ཁྱབ་བཏང་ནས་བརྡ་ལན་སློག་དགོས། དུས་བཀག་ལྟར་ཁྱོན་ཡོངས་ནས་དཔྱད་བཤེར་བྱས་ཏེ་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལོ་5རེར་བཅའ་སྡོད་སྒྲིག་གཞི་དང་། མངགས་གཏོང་སྒྲིག་གཞི། འོག་རིམ་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་བཅས་ལ་དཔྱད་བཤེར་ཡོངས་སུ་ཁྱབ་པར་བྱེད་དགོས། དམིགས་ས་ཡོད་པའི་སྒོ་ནས་ཆེད་དོན་དཔྱད་བཤེར་བྱས་ཏེ་གཙོ་གནད་ཁྱབ་ཁོངས་དང་། དམིགས་བསལ་གྱོད་དོན་ནམ་ཡང་ན་དུས་མཚམས་ཤིག་རིང་གྱོད་གཞིའི་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་པའི་མངོན་གསལ་དོད་པའི་གནད་དོན་ལ་དཔྱད་བཤེར་བྱས་ནས་གནད་དོན་བཙལ་འཚོལ་དང་། འབྱུང་རྐྱེན་ལ་དབྱེ་ཞིབ། ཁ་གཏད་གཅོག་ཐབས་འདོན་པ། དག་ཐེར་ལ་སྐུལ་འདེད་བཅས་གཏིང་ཟབ་བྱེད་དགོས།
བསམ་འཆར་ནང་། གྱོད་གཞིའི་སྤུས་ཚད་དཔྱད་བཤེར་ལས་དོན་གྱི་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། དོན་དངོས་ཁ་གསལ་དང་། དཔང་རྟགས་ཁུངས་བཙན། ངོ་བོ་གཏན་འཁེལ་ཡང་དག ཐག་གཅོད་ལུགས་མཐུན། འགྲོ་ལུགས་ཆ་ཚང་བ། གོ་རིམ་ལུགས་མཐུན། དོ་དམ་ཚད་ལྡན། ལག་བསྟར་གནད་འཁེལ་བཅས་གཞི་རྩའི་ཚད་གཞིར་མཐའ་འཁྱོངས་འཛིན་པ་དང་། དཔྱད་བཤེར་ཚོགས་ཆུང་བཙུགས་ནས་སྐར་གྲངས་དཔྱད་བསྡུར་ལམ་ལུགས་སྤྱད་དེ་གྱོད་གཞིའི་ཡིག་སྒྲིལ་ལ་ཞིབ་ལྟ་དང་ས་གནས་ས་ཐོག་ཏུ་བཅར་འདྲི་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་གྱོད་གཞིའི་སྤུས་ཚད་ལ་ཞིབ་བསྡུར་དང་འབྲེལ་ཚད་བཅད་སྐར་གྲངས་ལ་དཔྱད་བསྡུར་བྱེད་པ་དང་། ཐུན་མོང་ཐོག་གྲོས་བསྡུར་བྱས་རྗེས་ཕུལ་བྱུང་གི་གྱོད་གཞི་དང་། ཚད་ལོན་གྱི་གྱོད་གཞི། སྐྱོན་ཆ་ཕྲན་བུ་ལྡན་པའི་གྱོད་གཞི། ཚད་གཞི་མི་ལོན་པའི་གྱོད་གཞི་བཅས་རིམ་པ་4ལ་ཞིབ་དཔྱད་གཏན་འཁེལ་བྱེད་དགོས། དཔྱད་བཤེར་ཁྲིད་སྟོན་གྱི་ནུས་པ་གང་ལེགས་བཏོན་ཏེ་དཔྱད་བཤེར་བྱ་ཡུལ་ཚན་པས་འགན་འཁྲི་ཧུར་ཐག་སྒྲུབ་པ་དང་། གྱོད་གཞིའི་སྤུས་ཚད་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་པ། དེ་བཞིན་སྒྲིག་བཤེར་ལྟ་ཞིབ་ཀྱི་གྲོས་འགོ་འདོན་པ་སོགས་ཀྱི་གནས་ཚུལ་ལ་སྐར་མ་སྣོན་པ་དང་། དཔྱད་བཤེར་བྱ་ཡུལ་ཚན་པར་དཔྱད་བཤེར་བྱས་ནས་བརྡ་ལན་བསློགས་རྗེས་དག་ཐེར་གནད་ལ་འཁེལ་པོ་མ་བྱུང་བར་སྤུས་ཚད་གནད་དོན་རིགས་ཡང་བསྐྱར་ཐོན་པའི་གནས་ཚུལ་ཚབས་ལྕི་རིགས་ལ་སྐར་མ་འཐེན་དགོས་པ་བསྟན་ཡོད།
གཞན་ཡང་བསམ་འཆར་ནང་ད་དུང་གྱོད་གཞིའི་སྤུས་ཚད་དཔྱད་བཤེར་གྱི་མཇུག་གི་བྱ་བ་ཡག་པོ་བསྒྲུབས་ནས་དཔྱད་བཤེར་བྱས་འབྲས་བེད་སྤྱོད་གཏིང་ཟབ་དང་། དག་ཐེར་གྱི་འགན་འཁྲི་ནན་དུ་གཏོང་བ། ཉམས་མྱོང་ལ་ཕྱོགས་སྡོམ་དང་ལས་སྒོའི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་བླང་བྱ་ཁ་གསལ་འདོན་དགོས་པའི་ནན་བཤད་བྱས་ཡོད།