དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • ལོ་3སོང་རྗེས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཀྲུང་གོའི་ཡུལ་སྐོར་ཚོགས་པར་དགའ་བསུ་ཞུས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  སུའུ་ཞའོ་ཕོ།   |     སྤེལ་དུས།  2023-02-11

    ཉེ་ཆར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་ས་ཨབ་ཀྲ་པེའི་ཧྥ་ལ་ལི་འཛམ་གླིང་བརྗོད་དོན་གཙོ་བོའི་སྤྱི་གླིང་དུ་ཉེ་ལམ་ལོ་གསུམ་ཙམ་རིང་ཀྲུང་གོ་ནས་ཡོང་བའི་ཡུལ་སྐོར་ཚོགས་པ་ཐོག་མ་དེ་འབྱོར་ཞིང་། ཀྲུང་གོའི་ཡུལ་སྐོར་བ་60ལྷག་ཙམ་སྤྱི་གླིང་གི་འཛུལ་སྒོར་བཏིང་བའི་ས་གདན་དམར་པོའི་ཐོག་བསྐྱོད་པ་དང་འབྲེལ། དྲན་གསོའི་ལག་རྟགས་ལེན་པ་དང་རིན་མི་དགོས་པར་སྤྱི་གླིང་ལ་འཛུལ་བའི་ཡུལ་སྐོར་གྱི་དམིགས་བསལ་གུས་ལུགས་དང་ལེན་བྱས་པ་རེད།

    “(ཏོག་དབྱིབས་ནད་དུག་གསར་པ)ཐོན་ནས་ལོ་གསུམ་སོང་རྗེས་ཀྲུང་གོའི་ཡུལ་སྐོར་ཚོགས་པ་ཁག་དང་པོར་བསུ་བ་ཞུ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་། ང་ཚོས་ཀྲུང་གོའི་ཡུལ་སྐོར་བ་ཧ་ཅང་དྲན་པོ་འདུག ཚང་མ་འདི་གར་ཡོང་བར་དགའ་བསུ་ཚད་མེད་ཞུ་གི་ཡིན”ཞེས་ཨབ་ཀྲ་པེའི་ཧྥ་ལ་ལིའི་འཛམ་གླིང་བརྗོད་དོན་གཙོ་བོའི་སྤྱི་གླིང་གི་སྤྱི་ཁྱབ་ཅིང་ལི་ཏེ་ཡ་ནཱ·ཐེ་ལེས་བརྗོད།

    ཀྲུང་གོའི་ཡུལ་སྐོར་ཚོགས་པ་འདིའི་ཚོགས་གཙོ་ཀྲུའུ་ཀྲི་གོས། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་གནམ་ཐང་དང་། གསོལ་མགྲོན་ཁང་། མཛེས་ལྗོངས་ས་ཚིགས་ཁག་བཅས་སུ་ང་ཚོའི་ཚོགས་པར་དགའ་བསུ་ཚད་མེད་ཐོབ་བྱུང་ཞེས་བརྗོད།

    ཟླ་2ཚེས་6ཉིན་ནི་ཀྲུང་གོས་རྒྱལ་སྒྲོལ་ཡུལ་སྐོར་ཚོགས་པའི་ཡུལ་སྐོར་ལས་སྒོ་ཚོད་ལྟ་སླར་གསོ་བྱས་པའི་ཉིན་དང་པོ་ཡིན་ཞིང་། ས་གནས་དེ་གའི་དུས་ཚོད་ཚེས་6ཉིན་གྱི་ཐོ་རེངས་སུ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏི་པེ་རྒྱལ་སྤྱིའི་གནམ་ཐང་དུ་ཀྲུང་གོས་རྒྱལ་སྒྲོལ་ཡུལ་སྐོར་ལས་སྒོ་ཚོད་ལྟ་སླར་གསོ་བྱས་རྗེས་ཀྱི་ཀྲུང་གོའི་ཡུལ་སྐོར་ཚོགས་པ་ཐོག་མ་དེ་འབྱོར་བ་དང་། ཚོགས་པ་དེ་ཀྲུང་གོའི་ཀོང་ཀྲོའུ་ནས་ཐོན་ཏེ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་མཁའ་འགྲུལ་EK363དུས་གཏན་གནམ་གྲུར་བསྡད་ནས་ཡོང་བ་ཞིག་རེད།

    “ཀྲུང་གོ་ནི་སྔ་ཕྱི་བར་གསུམ་དུ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་གལ་འགངས་ཤིན་ཏུ་ཆེ་བའི་ཡུལ་སྐོར་ཁྲོམ་ར་ཞིག་རེད”ཅེས་ཙུང་ལུའེ་གླིང་ཕྲན་ཧྥེར་མོང་གསོལ་མགྲོན་ཁང་གི་སྤྱི་ཁྱབ་ཅིང་ལི་ཏོ་སྨི་ཉི་ཁེ·ཨ་ལུའེ་ལེས་བརྗོད་པ་དང་། ཁོང་གིས“ཀྲུང་གོས་རྒྱལ་སྒྲོལ་ཡུལ་སྐོར་ཚོགས་པའི་ཡུལ་སྐོར་ལས་སྒོ་སླར་གསོ་བྱས་པར་ང་ཚོ་དགའ་ཚོར་ཆེན་པོ་བྱུང་། འདི་ལས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཡུལ་སྐོར་ལས་རིགས་ཙམ་མ་ཟད། ཐ་ན་སྤྱི་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་ཡོང་བར་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་རྒྱུ་རེད”ཅེས་བརྗོད།

    ད་ཐེངས་ཡུལ་སྐོར་ཚོགས་པའི་ལས་སྒོ་དང་ལེན་བྱེད་མཁན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ས་གནས་དེ་གའི་ཡུལ་སྐོར་ལས་དོན་ཁང་གི་འགན་འཁུར་བ་ལིའུ་ཅན་གྱིས། ཨབ་ཀྲ་པེ་དང་ཏི་པེའི་ཡུལ་སྐོར་སྡེ་ཚན་དང་། དེ་བཞིན་འབྲེལ་ཡོད་ཡུལ་སྐོར་བྱེད་མང་བའི་མཛེས་ལྗོངས་ས་ཚིགས་ཚང་མས་ཡུལ་སྐོར་ཚོགས་པར་དམིགས་བསལ་གྱི་གུས་ལུགས་མཚོན་པར་བྱས་པ་དང་སྟབས་བདེ་བསྐྲུན་ཡོད། རིམས་ནད་མ་ཐོན་གོང་ཀྲུང་གོའི་ཡུལ་སྐོར་བ་ཡོང་མང་ཤོས་ཁུལ་གྱི་གྲས་ཤིག་ཡིན་པའི་ཆ་ནས། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཀྲུང་གོའི་ཡུལ་སྐོར་བར་སྣེ་ལེན་ཞུ་བའི་གྲ་སྒྲིག་ཡག་པོ་བྱས་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།