ཧྥི་ཀྲུང་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ལ་མི་མངོན་པའི་ནུས་པ་ཧ་ཅང་ཆེན་པོ་ལྡན་ཡོད།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་སུ་ཝ་ནས་ཟླ་2ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན། ཧྥི་ཅིའི་ཙུང་ལི་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ལན་པུའུ་ཁཱ་ཡིས་སུ་ཝར་ཧྥི་ཅི་དང་ཀྲུང་གོའི་དབར་གྱི་དངོས་སྒྲུབ་མཉམ་ལས་ལ་མི་མངོན་པའི་ནུས་པ་ཧ་ཅང་ཆེ་ལ་མདུན་ལམ་ཡང་ཆེན་པོ་ཡོད་ཅེས་བརྗོད་པ་རེད།
ཉིན་དེར་ལན་པུའུ་ཁཱ་ཡིས་ཧྥི་ཅིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་གསར་པ་ཀྲོའུ་ཅན་དང་ཐུག་འཕྲད་བྱས་ཤིང་། ལན་པུའུ་ཁཱ་ཡིས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ལས་ལ་བརྩོན་ཞིང་བློ་རིག་བཀྲ་བའི་ཀྲུང་གོ་མི་དམངས་ལ་རྒྱལ་ཁབ་འཛུགས་སྐྲུན་གྱི་ཕུལ་བྱུང་གྲུབ་འབྲས་ཐོབ་པ་དང་སྔོན་ཐོན་གྱི་ཐོན་ལས་དང་ལག་རྩལ་མང་པོ་ལྡན་ཡོད། ཧྥི་ཀྲུང་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ལ་མི་མངོན་པའི་ནུས་པ་ཧ་ཅང་ཆེ་ལ་མདུན་ལམ་ཡང་ཆེན་པོ་ཡོད་ཅེས་བརྗོད་པ་རེད།
ལན་པུའུ་ཁཱ་ཡིས། ཀྲུང་གོ་ནི་འཛམ་གླིང་ལ་ཤུགས་རྐྱེན་ལྡན་པའི་རྒྱལ་ཁབ་ཆེན་པོ་ཞིག་རེད། ཧྥི་ཅི་ཀྲུང་གོའི་གྲོགས་པོ་ཡག་པོ་ཞིག་ཆགས་པར་གཟི་བརྗིད་དང་སྤོབས་སེམས་ཆེན་པོ་སྐྱེ་ཡི་འདུག་ལ། ཀྲུང་གོར་འཛིན་པའི་ཡུན་རིང་མཛའ་གྲོགས་ཀྱི་སྲིད་ཇུས་མུ་མཐུད་མཐའ་འཁྱོངས་བྱེད་ཀྱི་ཡིན། ཀྲུང་གོ་གཅིག་གི་རྩ་དོན་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་ཡིན་པས་ཧྥི་ཅིས་རྩ་དོན་དེར་མུ་མཐུད་བརྩི་སྲུང་ཞུ་གི་ཡིན་ཞེས་བརྗོད་པ་རེད།
ཀྲོའུ་ཅན་གྱིས། ཀྲུང་གོ་དང་ཧྥི་ཅི་རྒྱལ་ཁབ་གཉིས་པོ་ནི་ལོ་མང་འབྲེལ་འདྲིས་ཆེ་བའི་གྲོགས་པོ་ཡག་པོ་དང་། རོགས་ཟླ་ཡག་པོ། གཅེན་གཅུང་ཡག་པོ་བཅས་ཡིན། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་འཐབ་ཇུས་ཀྱི་ཁྲིད་སྟོན་འོག ཀྲུང་གོ་དང་ཧྥི་ཅིའི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥི་ཅི་ཕྱོགས་དང་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ། ཕན་ཚུན་གསབ་རེས་ཀྱི་ལེགས་ཆ་གང་ལེགས་སྤྱོད་པ། ཐུན་མོང་ཐོག་འཕེལ་རྒྱས་དང་དར་རྒྱས་ཡོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་དེ་བས་ཆེ་རུ་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།