ཉེ་ཆར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སྤུས་ཚད་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་རྩ་གནད》བཀྲམ་པ་རེད། 《རྩ་གནད》ནང་དམིགས་ཚད་གཙོ་བོ་བཏོན་པ་སྟེ། 2025ལོར་སླེབས་སྐབས་སྤུས་ཚད་ཀྱི་སྤྱིའི་ཆུ་ཚད་སྔར་བས་ཕྱོགས་ཡོངས་ནས་མཐོ་རུ་འགྲོ་བ་དང་། ཀྲུང་གོའི་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་བརྟན་པོའི་ངང་ཆེ་རུ་འགྲོ་བ། མི་དམངས་མང་ཚོགས་ཀྱི་སྤུས་ཚད་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ། སྤུས་ཚད་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་སྔར་བས་མངོན་གསལ་དོད་དུ་འགྲོ་བ། སྤུས་ཚད་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་པ་བཅས་བྱ་རྒྱུ་དང་། 2035ལོར་སླེབས་སྐབས་སྤུས་ཚད་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་རྨང་གཞི་དེ་བས་བརྟན་དུ་འགྲོ་བ་དང་། སྔོན་ཐོན་གྱི་སྤུས་ཚད་དང་རིག་གནས་ཀྱི་སྲོལ་བཟང་ཞིག་ཆགས་པ། སྤུས་ཚད་དང་སྤུས་རྟགས་ཀྱི་ཕྱོགས་བསྡུས་དངོས་ཤུགས་ཀྱི་ཆུ་ཚད་དེ་བས་མཐོ་པོར་སླེབས་པ་བཅས་བྱ་རྒྱུ་རེད།
《རྩ་གནད》ནང་བཏོན་པར། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་དང་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ་བྱེད་དགོས་ཤིང་། དཔལ་འབྱོར་གྱི་གྲུབ་ཆ་དེ་བས་ལེགས་སུ་འགྲོ་བ་དང་། གསར་གཏོད་བྱེད་ནུས་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་ལ་འཕེལ་རྒྱས་གལ་ཆེན་བྱུང་བ། རྩིས་གཞིའི་GDPཡི་ཐོན་ཁུངས་ཟད་གྲོན་རྒྱུན་ཆད་མེད་པར་ཆག་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་འགུལ་ནུས་གསར་པ་དང་སྤུས་ཚད་ཀྱི་ལེགས་ཆ་གསར་པ་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ་བཅས་བྱེད་དགོས།
ཐོན་ལས་ཀྱི་སྤུས་ཚད་དང་འགྲན་རྩོད་ནུས་པ་མུ་མཐུད་ཆེ་རུ་འགྲོ་བ་བྱེད་དགོས་ཤིང་། ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་འཁོར་འབྲེལ་ཕྱོགས་ཡོངས་ནས་དེང་རབས་ཅན་དུ་འགྱུར་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ་དང་། ཞིང་ལས་ཚད་ལྡན་ཅན་གྱི་ཐོན་སྐྱེད་ཁྱབ་གདལ་བྱུང་ཚད་བརྟན་པོའི་ངང་འཕར་བ། བཟོ་སྐྲུན་ལས་རིགས་ཀྱི་སྤུས་ཚད་ཀྱི་འགྲན་རྩོད་ནུས་པའི་སྟོན་གྲངས་86ཟིན་པ། ཞབས་ཞུའི་ལས་རིགས་ཀྱི་མཁོ་སྤྲོད་ཀྱིས་ཐོན་ལས་གཞན་སྒྱུར་རིམ་སྤོར་དང་གྲོང་མིའི་འཛད་སྤྱོད་རིམ་སྤོར་གྱི་དགོས་མཁོ་ནུས་ལྡན་སྐོང་ཐུབ་པ། སྤུས་ཚད་འགྲན་རྩོད་རྣམ་པའི་ཐོན་ལས་ཀྱི་གཞི་ཁྱོན་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ་བཅས་བྱེད་དགོས།
ཐོན་རྫས་དང་། ལས་གྲྭ ཞབས་ཞུ་བཅས་ཀྱི་སྤུས་ཚད་དང་ཆུ་ཚད་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ་བྱེད་དགོས་ཤིང་། སྤུས་ཚད་ཀྱི་མཁོ་སྤྲོད་དང་དགོས་མཁོ་སྔར་བས་འཚམ་པོ་ཡོང་བ་དང་། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་འཆར་ཅན་ལྟ་ཞིབ་ཚད་ལེན་བྱས་པར་ཚད་ལོན་ཚད་དང་བཟའ་བཅའ་འཐེན་བཤེར་བྱས་པར་ཚད་ལོན་ཚད་98%ཡན་ཟིན་པ། བཟོ་སྐྲུན་ལས་རིགས་ཀྱི་ཐོན་རྫས་སྤུས་ཚད་ཀྱི་ཚད་གཞི་ལོན་ཚད་94%ཟིན་པ། ལས་གྲྭའི་སྤུས་ཚད་འཐེན་བཤེར་བྱས་པར་ཚད་ལོན་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་བ། ཞབས་ཞུའི་སྤུས་ཚད་ལ་བློ་ཡིད་ཚིམ་ཚད་ཕྱོགས་ཡོངས་ནས་མཐོ་རུ་འགྲོ་བ་བཅས་བྱེད་དགོས།
སྤུས་རྟགས་གྲགས་ཅན་གཏོད་རྒྱུར་འཕེལ་རྒྱས་དེ་བས་ཆེན་པོ་ཡོང་བར་བྱེད་དགོས་ཤིང་། སྤུས་རྟགས་གཏོད་པའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ་དང་། ཁེ་ལས་ཀྱིས་སྤུས་རྟགས་གཏོད་པ་དང་མང་ཚོགས་ཀྱིས་སྤུས་རྟགས་ལ་ཡིད་ཆེས་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་དེ་བས་ཟབ་ཏུ་འགྲོ་བ། སྤུས་ཚད་ལེགས་པ་དང་ཁྱད་ཆོས་མངོན་གསལ་དོད་པའི་སྤུས་རྟགས་སྣེ་ཁྲིད་ཁེ་ལས་རྒྱུན་མཐུད་ངང་ཐོན་པ་བཅས་བྱས་ནས་སྤུས་ཚད་ཀྱི་ཉམས་སད་ཐེག་པ་དང་ལེགས་ཆ་མངོན་གསལ་དོད་པའི་ཀྲུང་གོའི་སྤུས་རྟགས་འབོར་ཆེན་གཏོད་དགོས།
སྤུས་ཚད་ཀྱི་རྨང་གཞིའི་སྒྲིག་བཀོད་དེ་བས་དེང་རབས་དང་ཕན་འབྲས་ཆེན་པོ་ཐོན་པ་བྱེད་དགོས་ཤིང་། སྤུས་ཚད་ཀྱི་རྨང་གཞིའི་སྒྲིག་བཀོད་དོ་དམ་སྒྲིག་སྲོལ་གྱི་ལམ་སྲོལ་དེ་བས་འཐུས་སྒོ་ཚང་པོ་དང་བཀོད་སྒྲིག་དེ་བས་ལུགས་མཐུན་ཡོང་བ་དང་། ཚད་འཇལ་དང་། ཚད་གཞི། ར་སྤྲོད་ཁས་ལེན། ཞིབ་དཔྱད་ཚད་ལེན་སོགས་ཆུ་ཚད་དེ་བས་མཐོ་པོས་མཐུན་སྦྱོར་འཕེལ་རྒྱས་འགྲོ་བར་བྱས་ཏེ། རྒྱལ་ཁབ་རིམ་པའི་སྤུས་ཚད་ཀྱི་ཚད་གཞིའི་ཚོད་ལྟ་ཁང་འགའ་ཞིག་སྐྲུན་དགོས་པ་དང་། ཕན་འབྲས་ཆེ་ལ་སྤྱོད་གོ་ཆོད་པའི་སྤུས་ཚད་ཀྱི་རྨང་གཞིའི་སྒྲིག་བཀོད་འདུས་གྲུབ་ཀྱི་ཞབས་ཞུའི་རྟེན་གཞི་ཁག་གཅིག་སྐྲུན་དགོས།
སྤུས་ཚད་བཅོས་སྐྱོང་མ་ལག་དེ་བས་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། སྤུས་ཚད་དང་སྲིད་ཇུས་ཁྲིམས་སྲོལ་སྔར་བས་འཐུས་སྒོ་ཚང་བ་དང་། སྤུས་ཚད་ལྟ་འདོམས་མ་ལག་སྔར་བས་འཐུས་སྒོ་ཚང་བ། སྤུས་ཚད་དང་བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་གྱི་ལམ་སྲོལ་དེ་བས་ནུས་པ་ལྡན་པ། སྤུས་ཚད་ཤེས་ལྡན་མི་སྣའི་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་འགྲོ་བ། དམངས་ཡོངས་ཀྱི་སྤུས་ཚད་དང་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བ། སྤུས་ཚད་འཕེལ་རྒྱས་ཀྱི་ཁོར་ཡུག་སྔར་བས་ལེགས་སུ་འགྲོ་བ་བཅས་བྱེད་དགོས།
《རྩ་གནད》ནང་ད་དུང་དཔལ་འབྱོར་གྱི་སྤུས་ཚད་དང་ཕན་འབྲས་རྣམ་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་། ཐོན་ལས་ཀྱི་སྤུས་ཚད་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུ། ཐོན་རྫས་ཀྱི་སྤུས་ཚད་མཐོར་གཏོང་རིམ་སྤོར་མགྱོགས་སུ་གཏོང་རྒྱུ། འཛུགས་སྐྲུན་ལས་གྲྭའི་སྤུས་ཚད་མཐོ་རུ་གཏོང་རྒྱུ། སྤུས་ལེགས་ཞབས་ཞུ་མཁོ་འདོན་བྱེད་མང་དུ་གཏོང་རྒྱུ་སོགས་ནས་བླང་བྱ་བཏོན་ཡོད་པ་རེད།