ཤིན་ཧྭ་གསར་འགྱུར་ཁང་ཨའོ་མོན་ནས་ཟླ་2ཚེས་6ཉིན་གློག་འཕྲིན་འབྱོར་གསལ། “ཨའོ་མོན། ང་ཚོ་སླེབས་ཡོད”ཚེས་6ཉིན་ནང་སའི་ཞིང་ཆེན་དང་གྲོང་ཁྱེར་6ནས་ཡོང་བའི་ཡུལ་སྐོར་ཚོགས་པའི་མི་135སྐམ་ལམ་དང་མཁའ་ལམ་ནས་ཨའོ་མོན་དུ་འབྱོར་བ་རེད།
ཡུལ་སྐོར་ཚོགས་པ་གཉིས་ཀོང་ཏུང་ཞིང་ཆེན་ནས་ཡོང་བ་དང་། གསུམ་ཧྲང་ཧའེ་གྲོང་ཁྱེར་ནས་ཡོང་ཞིང་གཅིག་ལེའོ་ཉིང་ཞིང་ཆེན་ནས་ཡིན་པ་རེད།
ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་ཡུལ་སྐོར་ཅུས་ཀྱིས་ཧེང་ཆིན་འགག་སྒོ་དང་དེ་བཞིན་ཨའོ་མོན་རྒྱལ་སྤྱིའི་གནམ་ཐང་དུ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་དང་འབྲེལ། ཡུལ་སྐོར་ཚོགས་པའི་ཁོངས་མིར་ཨའོ་མོན་གྱི་ཡུལ་སྐོར་དྲན་རྟེན་དངོས་པོ་སྤྲད་པ་རེད། ཡུལ་སྐོར་ཅུས་ཀྱིས། ཨའོ་མོན་དུ་རིམས་ནད་ཐོན་ཚུན་གྱི་ནང་སའི་ཡུལ་སྐོར་ཚོགས་པ་ཐོག་མ་འབྱོར་བ་དེ་ལས། ནང་སའི་ཡུལ་སྐོར་ཁྲོམ་ར་ཨའོ་མོན་ལ་ཕྱོགས་ཡོངས་ནས་སྒོ་མོ་ཕྱེ་བ་མཚོན་ཡོད་ཅེས་བརྗོད།
ཚེས་3ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་ཕྱོགས་བསྡུས་ཚོགས་ཆུང་གིས《ནང་ས་དང་ཤང་ཀང་དང་ཨའོ་མོན་དབར་གྱི་མི་སྣ་འགྲོ་འོང་ཕྱོགས་ཡོངས་ནས་སླར་གསོ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ཞིང་། བརྡ་ཐོ་གཞིར་བཟུང་། ཚེས་6ཉིན་གྱི་ཆུ་ཚོད་ཀླད་ཀོར་ནས་བཟུང་། ནང་ས་དང་ཤང་ཀང་དང་ཨའོ་མོན་དབར་གྱི་མི་སྣ་འགྲོ་འོང་ཕྱོགས་ཡོངས་ནས་སླར་གསོ་བྱས་ཡོད།
“ཨའོ་མོན་དུ་ཡོང་ཐེངས་དང་པོ་ཡིན། ཧ་ཅང་དགའ་པོ་འདུག ནང་མི་དང་མཉམ་དུ་ཨའོ་མོན་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་ལྟ་སྐོར་བྱེད་མཁན་ཡིན་ལ། ཁྱད་ལྡན་ཞིམ་ཟས་ཀྱི་བྲོ་བའང་མྱོང་ཐུབ་པ་བྱེད་ཀྱི་ཡིན”ཞེས་ཁྲའོ་ཧྲན་ས་ཁུལ་ནས་ཡོང་བའི་མཁྱེན་ལྡན་མ་ཡུས་ལགས་ཀྱིས་བཤད།
ཀྲུའུ་ཧའེ་ནས་ཡོང་བའི་མཁྱེན་ལྡན་མ་ཧྥན་ལགས་ཀྱིས། ཨའོ་མོན་ལ་ཧ་ཅང་དགའ་པོ་ཡོད། རིམས་ནད་ཐོན་ཙང་། ལོ་ཁ་ཤས་ཨའོ་མོན་དུ་སླེབས་མ་བྱུང་། ད་ཐེངས་ཡུལ་སྐོར་ཚོགས་པར་ཞུགས་ཐུབ་པ་བྱུང་བ་མ་ཟད། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཡུལ་སྐོར་ཚོགས་པར་མ་དངུལ་རོགས་སྐྱོར་གྱི་འཆར་གཞི་ཡང་བཏོན་པས། ཡུལ་སྐོར་ཚོགས་པའི་ཡུལ་སྐོར་རིན་གོང་ཡང་ཁེ་པོ་འདུག་ཅེས་བཤད།
ཨའོ་མོན་ཀྲུང་གོའི་ཡུལ་སྐོར་ལས་དོན་ཁང་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཀྲང་ཅན་ཀྲུང་གིས། ཚོགས་པའི་ཡུལ་སྐོར་སླར་གསོ་བྱུང་ནས་ཨའོ་མོན་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སེམས་ཤུགས་ཆེན་པོ་བསྣན་ཡོད། ཨའོ་མོན་གྱི་ཡུལ་སྐོར་ལས་རིགས་ཀྱིས་ས་གནས་ཁག་གི་ཡུལ་སྐོར་བར་སྣེ་ལེན་ཞུ་བའི་གྲ་སྒྲིག་བྱེད་བཞིན་ཡོད་ལ། ཨའོ་མོན་ཡུལ་སྐོར་ལས་རིགས་ཕྱོགས་ཡོངས་ནས་སླར་གསོ་ཡོང་བར་སྐུལ་མ་ཐེབས་པའི་རེ་བ་ཡོད་ཅེས་བཤད།