གསར་འགོད་པར་ཁྲུང་ཆིང་གྲོང་ཁྱེར་ནགས་ལས་ཅུས་ནས་ཤེས་རྟོགས་བྱུང་བར། མིག་སྔར། ཁྲུང་ཆིང་གིས་ཆུས་དང་རྫོང་ཁག་ཏུ“བློ་རིག་ནགས་དཔོན”གྱི་སྤྲིན་སྟེགས་བཀོལ་སྤྱོད་ལས་དོན་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་ཞིང་། ཁྱོན་ནགས་དཔོན་ཁྲི་2ཙམ་དང་དྲ་མིག་ནགས་སྲུང་བ་ཁྲི་3གྱིས“བློ་རིག་ནགས་དཔོན”གྱི་སྤྲིན་སྟེགས་ཐོག་ཆ་འཕྲིན་ཅན་དང་། རིག་ནུས་ཅན། ཞིབ་ཚགས་ཅན་བཅས་ཀྱི་ཚན་རྩལ་བྱེད་ཐབས་ལ་བརྟེན་ནས་རི་སྐོར་ནགས་སྲུང་བྱས་ཏེ། “ནགས་དཔོན་ལམ་ལུགས”ལ་བརྟེན་ནས“ནགས་ཚལ་ཡུན་རིང་བཅོས་སྐྱོང”ལ་སྐུལ་འདེད་བཏང་བ་རེད།
ཉེ་བའི་ལོ་ཤས་རིང་། ཁྲུང་ཆིང་གིས་རྒྱལ་ཡོངས་ཀྱི་སྔོན་ལ་ནགས་དཔོན་ལམ་ལུགས་འཚོལ་ཞིབ་བྱས་ནས་རིམ་རྩིས་བརྒྱབ་ན་ནགས་དཔོན་14984དང་གཞི་རིམ་གྱི་དྲ་མིག་ནགས་སྲུང་བ་34562ཀྱིས་རྒྱུན་རྣམ་ཅན་གྱི་རི་སྐོར་ནགས་སྲུང་བྱས་ཏེ། “རིམ་བཞིའི་ནགས་དཔོན﹢དྲ་མིག་ནགས་སྲུང་བའི”འགན་འཁྲིའི་མ་ལག་ཁྱོན་ཡོངས་ནས་གྲུབ་ཡོད་པ་རེད།
ནགས་ཚལ་ཐོན་ཁུངས་སྐོར་སྲུང་དོ་དམ་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་ཆེད། ཁྲུང་ཆིང་གིས་སྤྲིན་རྩིས་དང་། ཟོག་འབྲེལ་དྲ་རྒྱ། གྲངས་གཞི་ཆེན་མོ། མིས་བཟོས་རིག་ནུས་སོགས་རབས་གསར་པའི་ཆ་འཕྲིན་ལག་རྩལ་མཉམ་འདྲེས་གཏིང་ཟབ་བྱས་ནས“བློ་རིག་ནགས་དཔོན”གྱི་སྤྲིན་སྟེགས་བཙུགས་ཏེ། ནགས་ཚལ་གྱི་མེ་ཟོན་དང་། ནགས་ལས་ཀྱི་ཐོན་ཁུངས་བརྟག་དཔྱད། ནགས་ལས་ཀྱི་གནོད་ལྡན་སྐྱེ་དངོས་ལྟ་ཞིབ་ཚད་ལེན(འགོག་བཅོས) རང་བྱུང་སྲུང་སྐྱོང་ས་ཆར་དོ་དམ། ཐེན་པའོ་སྐོར་སྲུང་དོ་དམ་མ་ལག་སོགས་ད་ཡོད་ནགས་ལས་ཁོངས་གཏོགས་ཀྱི་གྲངས་གཞིའི་བཀག་རྒྱ་བསལ་ཏེ། ནགས་དཔོན་གྱི“རིག་ནུས་བཅོས་སྐྱོང”ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་རེད།
མིག་སྔར། ཁྲུང་ཆིང་གི་ས་ཁུལ་ཁག་གིས་གཅིག་རྗེས་གཉིས་མཐུད་ངང“བློ་རིག་ནགས་དཔོན”གྱི་སྤྲིན་སྟེགས་སྦྲེལ་བས་རིག་ནུས་བརྙན་མིག་སོགས་ཀྱིས་ཐེ་ཧྲན་ཕིང་དང་། རི་བོ་ཀྲའོ་མུའུ་ཧྲན། རི་བོ་ཤན་ཉུའེ་ཧྲན་སོགས་གཙོ་གནད་ནགས་ཁུལ་གྱི་ནགས་ཚལ་གཙོ་བོ་མུའུ་ཁྲི་7ལྷག་ལ་ཁྱབ་ནས། ནུས་ལྡན་ལྟ་ཞིབ་ཚད་ལེན་སྤྱི་ལེ་450ཙམ་ཟིན་ཏེ་ནགས་ཚལ་ལྟ་འདོམས་སྲུང་སྐྱོང་གི་ཕན་ནུས་ཆེ་རུ་ཕྱིན་ཡོད་པ་རེད།