དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • དཔྱིད་གསར་དུས་ཆེན་རིང་རྒྱལ་ཡོངས་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-01-29

    གསར་འགོད་པར་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བར། དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་། རྒྱལ་ཡོངས་ཀྱི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ངང་ཤར་བགྲོད་ཐུབ་པ་འགན་ལེན་བྱ་རྒྱུར་དམ་པོར་དམིགས་ནས་སྔ་སྣུར་དུ་ཞིབ་འཇུག་ཇུས་འགོད་དང་། སྒྲིག་འཛུགས་དང་བཀོད་སྒྲིག་ཞིབ་ཚགས། ལམ་ངོས་དོ་དམ་ཚོད་འཛིན་ལ་ཤུགས་སྣོན། དྲིལ་བསྒྲགས་ཁྲིད་སྟོན་རྒྱ་ཁྱབ་བཅས་བྱས་ཏེ་རྒྱ་ཆེའི་འགྲིམ་འགྲུལ་ཉེན་རྟོག་པ་དང་ཉེན་རྟོག་ལས་རོགས་པས་ལས་གནས་བརྟན་སྲུང་དང་། སྙིང་རུས་ཆེན་པོས་འབད་འཐབ། རྒྱུན་མཐུད་ངང་དམག་འཐབ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་ལས་འཛོལ་ཐོན་རྒྱུ་སྔོན་འགོག་དང་། བདེ་འཇགས་འགན་ལེན། ཤར་གཏོང་ཐུབ་པ་བཅས་བྱས་ཏེ་མི་དམངས་མང་ཚོགས་ལ་དཔྱིད་གསར་དུས་ཆེན་དགའ་གཏོང་བྱེད་རིང་འགྲོ་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། དཔྱིད་གསར་དུས་ཆེན་རིང(ཟླ་1ཚེས་27ཉིན་གྱི་ཆུ་ཚོད་18བར)རྒྱལ་ཡོངས་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་རྣམ་པ་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་། ཐེངས་གཅིག་ལ་མི་3ཡན་རྐྱེན་ལམ་དུ་ཤོར་བའི་འགྲོ་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་ཆེན་པོ་ཐོན་ཚད་དེ་ན་ནིང་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་དུས་ཚོད་ལས་33%ཆག་པ་དང་། འགྲོ་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་ཚབས་ཆེན་ཐོན་པའི་སྙན་སེང་འབྱོར་མེད་པ། རྒྱལ་ཡོངས་ཀྱི་གཞུང་ལམ་གཙོ་བོ་ཤར་བགྲོད་ཐུབ་ཚད་གོ་རིམ་ལྡན་པ། དུས་ཡུན་རིང་པོ་དང་ལམ་ཐག་རིང་པོ་རླངས་འཁོར་འགག་པའི་གནས་ཚུལ་ཐོན་མེད་པ་བཅས་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་བདེ་པུས་དཔྱིད་གསར་སྐྱེལ་འདྲེན་དང་དཔྱིད་གསར་དུས་ཆེན་གྱི་འགྲིམ་འགྲུལ་བདེ་འཇགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། འགྲིམ་འགྲུལ་བདེ་འཇགས་ཀྱི་རྣམ་པར་ཞིབ་འཇུག་དང་བརྡར་ཤ་ནན་པོ་བཅད་པ་དང་། འགྲིམ་འགྲུལ་བདེ་འཇགས་འགན་ལེན་གྱི་ཐབས་ཇུས་དང་བྱ་ཐབས་ཞིབ་འཇུག་བྱས་ནས་བཟོས་པ། དུས་ཆེན་གོང་བརྙན་ལམ་ཚོགས་འདུ་ཐེངས་མང་འཚོགས་པ། དཔྱིད་གསར་སྐྱེལ་འདྲེན་གྱི་འགྲིམ་འགྲུལ་དོ་དམ་ལས་དོན་ཏན་ཏིག་སྒྲུབ་པ་དང་གཞུང་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་ཚབས་ཆེན་ཐོན་རྒྱུ་ནན་འགོག་བྱ་རྒྱུའི་ཐད་བཀོད་སྒྲིག་བྱས་པ་དང་། དུས་ཆེན་རིང་ཉིན་ལྟར་གཞུང་ལམ་གཙོ་བོའི་འགྲིམ་འགྲུལ་འགྲོ་སྐྱོད་བྱེད་ཚད་ལྟ་ཞིབ་ཚད་ལེན་བྱས་ནས་གནམ་གཤིས་ངན་པ་དང་འགྲིམ་འགྲུལ་ལས་འཛོལ་སོགས་ཀྱི་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པ་བྱེད་པ་དང་འབྲེལ། བརྙན་ལམ་སོགས་ཀྱི་བྱེད་ཐབས་བརྒྱུད་གཙོ་གནད་བཀོད་གཏོང་བྱེད་ཀྱི་ཡོད། དཔྱིད་གསར་དུས་ཆེན་རིང་། ས་གནས་ཁག་གི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་རིམ་མཐོའི་གཞུང་ལས་ཕྱོགས་ཡོངས་ནས་སྒྲུབ་འགོ་བཙུགས་ཏེ་མྱུར་བགྲོད་གཞུང་ལམ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ། གྲོང་གསེབ་དང་གྲོང་ཁྱེར་གྱི་གཞུང་ལམ་གཙོ་བོ་བཅས་སྤྱི་འདོམས་བྱས་པ་དང་། “ཚད་བརྒལ་གསུམ་དང་ངལ་དུབ་གཅིག”དང་། གྲོང་གསེབ་ཀྱི“སྒྲིག་འགལ་གཉིས”ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་སོགས་ཁྲིམས་འགལ་ལས་འཛོལ་ཚབས་ཆེན་གྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་དམ་པོར་དམིགས་ནས། ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་གཅིག་སྡུད་བཅོས་སྒྲིག་དང་། གཞུང་ལམ་ཐོག་གི་མངོན་མེད་རྐྱེན་ངན་ལྡན་པའི་འཁོར་རིགས་གཙོ་བོར་གནད་སྨིན་ཞིབ་བཤེར། གྲོང་གསེབ་ཏུ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁ་ཏ་སློབ་སྟོན་ཆེ་མོ་སོགས་ཀྱི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་ནས་འགྲོ་སྐྱོད་སྒྲིག་ལམ་ལ་དོ་དམ་ནན་པོ་དང་གཙོ་གནད་ཁྲིམས་འགལ་ལ་ཞིབ་བཤེར་ནན་པོ་བྱས་ཏེ། ལམ་ངོས་བདེ་འཇགས་ཀྱི་ཉེན་ཁ་འགོག་པའི་འཛིང་རགས་བརྟན་དུ་བཏང་ཡོད། དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་། རྒྱལ་ཡོངས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཉིན་རེར་ཆ་སྙོམས་ཉེན་རྟོག་པ་མི་ཐེངས་ཁྲི་18བཏང་བ་དང་། ཉེན་རྟོག་རླངས་འཁོར་ཐེངས་ཁྲི་6བཏང་བ། ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་གི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ཁྲི་2.5ཞིབ་བཤེར་ཐག་གཅོད་བྱས་པ། “ཚད་བརྒལ་གསུམ་དང་ངལ་དུབ་གཅིག”སོགས་ཁྲིམས་འགལ་བྱེད་སྤྱོད་ཚབས་ཆེན་ཁྲི་77.9ཞིབ་བཤེར་ཐག་གཅོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།