དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • ཁ་བ་བུ་ཡུག་ཁྲོད་དུ་གློག་སྐུད་ལ་ཞིབ་བཤེར་བྱས་ནས་ཁྱིམ་ཚང་ཀུན་གྱི་གློག་འགན་སྲུང་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཁྲང་པི་ལོ།   |     སྤེལ་དུས།  2023-01-29

    “འགྲོ། གློག་སྒྲོམ་དང་པོ་ཡོད་སར་འགྲོ”གནམ་དྭངས་མ་ཐག་ཞོགས་པ་སྔ་པོ་ནས་རྒྱལ་ཁབ་གློག་དྲ་ཁྲུང་ཆིང་ཕུང་ཏུའུ་གློག་འདོན་ཀུང་སིའི་གློག་འདྲེན་འཁོར་རྒྱུག་བདག་སྐྱོང་པན་གྱི་པན་ཀྲང་མའོ་པེའོ་དང་ཁོང་གི་ལས་རོགས་ཚོ་མཉམ་དུ་ཐོན་ཞིང་། ད་ཐེངས་སྐྱོད་ས་ནི་ཕུང་ཏུའུ་རྫོང་ཤན་ཉུའེ་ཧུའུ་གྲོང་རྡལ་གྱི་ས་བབ་མཐོ་ཚད་སྨི་1773ཙམ་ཟིན་པའི་ཆན་ཧྥུའུ་110ཡི་པཱ་ཕུང་སྐུད་ལམ་གྱི་གློག་སྒྲོམ་དང་པོ་རེད།

    “ཁ་བ་ཆེན་པོ་བབས་པས་ང་ཚོས་འཁྱག་ཁེབས་དང་གྲངས་གཞིར་ལྟ་ཞིབ་ཚད་ལེན་ཡག་པོ་བྱེད་དགོས”གསར་འགོད་པ་དང་བཟོ་པ་ཚོ་མཉམ་དུ་རླངས་འཁོར་ལ་བསྡད་ནས་བསྐྱོད་པ་ཡིན། ས་བབ་མཐོ་རུ་སོང་བ་དང་བསྟུན་ནས་དྲོད་ཚད་ཀྱང་ཀླད་ཀོར་འོག་ལ་ཆག་ཅིང་། མའོ་པེའོ་ཡིས་གློག་རྡུལ་སྐོར་གཡེང་ས་བཀྲ་ཁྱེར་ནས་པན་གྱི་ཁོངས་མིར“ཚང་མ་ལྟོས་དང་། ས་ཆ་དེ་དག་ལ་དེ་བས་དོ་སྣང་བྱེད་དགོས་པ་དང་གྱེན་ལ་འཛེག་དུས་ཉེན་ཁ་ཡོད་པས་འདྲེད་འགོག་སྒྲིག་ཆས་ལ་བརྟག་དཔྱད་ཡག་པོ་བྱེད་དགོས”ཞེས་དྲན་སྐུལ་བྱས།

    “གློག་འདྲེན་སྐུད་ལམ་འདི་དག་གལ་ཆེན་པོ་ཡིན་དོན་གང་ཡིན་ནམ”

    གསར་འགོད་པའི་དྲི་བ་དེར་མའོ་པེའོ་ཡིས“ཆན་ཧྥུའུ་110ཡི་པཱ་ཕུང་སྐུད་ལམ་གྱི་གློག་འདྲེན་སྐུད་ལམ་དེ་དག་གིས་ས་བབ་མཐོ་བའི་རི་ཁུལ་གྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གློག་འགན་ལེན་བྱེད་ཀྱི་ཡོད། སྐུད་ལམ་དེ་དག་ལ་ཚད་གཞི་མི་འདྲ་བའི་གངས་འཁྱག་ཐེབས་ཡོད། གློག་སྒྲོམ་དང་པོ་དེ་ལ་རྩེར་གནས་ཡོད་པས་མི་མངོན་པའི་རྐྱེན་ངན་ཐོན་སླ་བ་ཡོད། དེར་བརྟེན་ངེས་པར་དུ་ས་གནས་ས་ཐོག་ཏུ་མི་མངོན་པའི་རྐྱེན་ངན་ལ་གྲལ་བཤེར་བྱེད་དགོས”ཞེས་ལན་བརྒྱབ།

    དེས་མ་ཚད་གངས་ཆེན་པོ་བབས་པའི་རྐྱེན་གྱིས་གློག་སྐུད་ལ་གངས་འཁྱག་ཐེབས་སླ་བ་དང་། གློག་སྐུད་ལ་འཁྱགས་གསོག་ཐེབས་ན་གློག་སྐུད་ཆད་པའམ་ཡང་ན་འབྲེལ་མཐུད་ཀྱི་སྐུད་ལམ་སྐྱོན་ཤོར་བ་སོགས་ཀྱི་གནས་ཚུལ་ཐོན་ནས་གློག་ཆད་སྲིད། རྒྱལ་ཁབ་གློག་དྲ་ཕུང་ཏུའུ་གློག་འདོན་ཀུང་སིས་ས་བབ་མཐོ་བའི་ས་ཁུལ་གྱི་སྐུད་ལམ་གྱི་གངས་འཁྱག་ལ་ལྟ་ཞིབ་ཚད་ལེན་དང་སྐོར་བཤེར་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། ཕུང་ཏུའུ་གློག་སྐུད་གལ་ཆེན་བདེ་འཇགས་ལྡན་པ་དང་འཁོར་སྐྱོད་བརྟན་པོ་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད།

    རླངས་འཁོར་བཏང་ནས་གང་མཚམས་སོང་རྗེས། རླངས་འཁོར་འགྲོ་སའི་ལམ་མེད་པས་རྐང་ཐང་མར་བསྐྱོད་རྒྱུ་ལས་མ་འདས། མའོ་པེའོ་དང་ཁོང་གི་ལས་རོགས་ཚོས་རླངས་འཁོར་ནས་བབས་ཏེ་སྒྲིག་ཆས་དང་གྲི་ཁྱེར་ནས་གྱེན་ལ་འཛེག་འགོ་ཚུགས། ཁ་བ་ཇེ་མཐུག་ཏུ་འགྲོ་བ་དང་ནགས་ཚལ་ཡང་ཇེ་སྟུག་ཏུ་འགྲོ་ཞིང་། ལག་པ་འཁྱགས་ནས་དམར་སྨུག་ཏུ་གྱུར་མོད། ད་དུང་གྲིས་ཚེར་མ་བཅད་དེ་ལམ་གཤོང་དགོས་ཀྱི་ཡོད།

    རི་བོ་མཐོ་ཞིང་ལམ་གཟར་བ། གངས་གསོག་རྐང་ངར་བར་སླེབས། སྐོར་གཡེང་བྱེད་རིམ་བཞིན་ལྗིད་ཚད་རྒྱ་མ་ཉི་ཤུ་སུམ་ཅུ་ཟིན་པའི་སྒྲིག་ཆས་ཁུར་ནས་གྱེན་ལ་འཛེག་དགོས་པས། ལས་མིས་གོམ་པ་ཐེངས་རེ་སྤོ་བར་ཡང་དཀའ་ངལ་ཆེན་པོ་ཡོད། མའོ་པེའོ་མདུན་དུ་སོང་བ་དང་ཁོང་གི་ལས་རོགས་ཚོས་རྗེས་སུ་འབྲངས་ཤིང་། ཁོ་ཚོས་འཁར་རྒྱུག་ལ་བརྟེན་ནས་དཀའ་ཚེགས་ཆེན་པོས་མདུན་དུ་བསྐྱོད།

    གློག་སྒྲོམ་འོག་ཏུ་སླེབས་པ་ནི། གཞི་ནས་ལས་འགན་ཆུང་ཆུང་ཞིག་གྲུབ་པ་ཙམ་རེད། “མི་མེད་གནམ་གྲུ་དང་རྒྱང་ཤེལ་གྱིས་གློག་སྐུད་ཀྱི་འཁོར་རྒྱུག་གནས་ཚུལ་ལ་བརྡར་ཤ་གཅོད་མི་ཐུབ་པའི་སྐབས་སུ་ང་ཚོས་གློག་སྒྲོམ་ལ་འཛེགས་ནས་ལྟ་ཞིབ་ཚད་ལེན་བྱེད་ཀྱི་ཡོད”ཅེས་མའོ་པེའོ་ཡིས་བདེ་སྲུང་སྒྲིག་ཆས་དང་ལག་ཤུབས་གྱོན་ཞོར་དུ་གསར་འགོད་པར་དེ་ལྟར་བརྗོད་བྱུང་། དེ་ནས་ཁོང་གིས་ཆན་ཧྥུའུ་110ཟིན་པའི་པཱ་ཕུང་སྐུད་ལམ་གྱི་གློག་སྒྲོམ་དང་པོར་འཛེགས།

    གློག་སྒྲོམ་ནས་འབབ་དུས། གློག་ཤུགས་བཟོ་པ་ཚོའི་ངོ་གདོང་འཁྱགས་ནས་དམར་སྨུག་ཏུ་གྱུར་པ་དང་ལག་པ་ཡང་འཁྱགས་ནས་རྡོ་ལྟ་བུར་གྱུར་པ་ཤེས། ཕྱིར་ལོག་པའི་ལམ་བར་དུ་མའོ་པེའོ་ཡིས“ཁྱིམ་ཚང་ཁྲི་སྟོང་མང་པོ་མཛེས་སྡུག་དང་དྲོ་སྐྱིད་ལྡན་པའི་ངང་ལོ་གསར་གཏོང་རྒྱུ་བྱུང་ན། ང་ཚོ་དཀའ་ལས་ཆེ་ཙམ་བྱུང་ནའང་སྐྱོན་མེད”ཅེས་རང་ཉིད་ཀྱི་ལོ་གསར་གྱི་བསམ་འདུན་བཤད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།