རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཉེ་ཆར་ཁྱབ་བསྒྲགས་བྱས་པའི་གནས་ཐང་འཕར་ཁྲལ་འཛིན་ཤོག་གི་གྲངས་གཞི་ལས་མངོན་པར་གཞིགས་ན། འདི་ལོའི་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་། རྒྱལ་ཡོངས་ཀྱི་འཛད་སྤྱོད་དང་འབྲེལ་བའི་ལས་རིགས་ཁག་གི་ཕྱིར་ཚོང་ཡོང་འབབ་ལོ་གོང་མའི་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་དང་བསྡུར་ན་12.2%དང(གཤམ་དུ“དུས་མཚུངས་ལས་འཕར་བ”ཞེས་བསྡུ་རྒྱུ)2019ལོའི་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་དང་བསྡུར་ན་ལོ་རེར་ཆ་སྙོམས་12.4%འཕར་ཏེ། སྤྱིའི་ཆ་ནས་བརྟན་པོའི་ངང་འཕར་བ་རྒྱུན་འཁྱོངས་ཐུབ་ཡོད་པ་དང་། དེ་དག་ལས་ཚོང་རྫས་འཛད་སྤྱོད་དང་ཞབས་འདེགས་འཛད་སྤྱོད་དུས་མཚུངས་ལས་སོ་སོར་10%དང་13.5%འཕར་བ་དེ་2019ལོའི་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་དང་བསྡུར་ན་ལོ་སོ་སོར་ཆ་སྙོམས་13.1%དང་8.1%འཕར་ཡོད། འཚོ་བའི་ཉེར་མཁོ་དང་། ཁྱིམ་ཆས་རིགས་ཀྱི་རིམ་པ་སྤར་བའི་ཚོང་ཟོག ཡུལ་སྐོར་ཞབས་འདེགས་སོགས་ཀྱི་འཛད་སྤྱོད་འཕར་ཚད་ཅུང་མགྱོགས་པ་དང་། ཕ་ཡུལ་དུ་ལོག་ནས་དཔྱིད་གསར་དུས་ཆེན་བཏང་བར་བརྟེན་ནས་ཕྱིར་ལས་ཀ་བྱེད་པར་སྐྱོད་མཁན་མང་པོའི་ཞིང་ཆེན་ཁག་གི་འཛད་སྤྱོད་འཕར་བར་སྐུལ་ཁྲིད་ཅུང་ཆེན་པོ་ཐེབས་ཡོད་པ་རེད།
འཚོ་བའི་ཉེར་མཁོ་འཛད་སྤྱོད་བྱེད་ཚད་བརྟན་པོའི་ངང་འཕར་བ། དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་། འབྲུ་སྣུམ་བཟའ་བཅའ་སོགས་གཞི་རྩའི་འཚོ་བའི་ཚོང་ཟོག་རིགས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་31.5%འཕར་བ་ལས་ཤིང་ཏོག་སྔོ་ཚལ་དང་བྱ་སྒོང་འོ་མ་བཅས་སོ་སོར་འཕར་ཚད་39%དང་28.6%འཕར་བ་དེ་2019ལོའི་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་དང་བསྡུར་ན་ལོ་རེར་སོ་སོར་ཆ་སྙོམས་17.2%དང་13.2%འཕར་ཡོད་པ་དང་། ཆང་རག་དང་བཏུང་བྱ་སོགས་ཚོང་ཟོག་གི་དགོས་མཁོ་ཆེན་པོ་ཡོད། ཆང་རག་དང་། བཏུང་བྱ་ཇ་ལོ་བཅས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་18.7%འཕར་བ་དེ་2019ལོའི་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་དང་བསྡུར་ན་ལོ་རེར་ཆ་སྙོམས་16.4%འཕར་ཡོད་པ་རེད།
ཡུལ་སྐོར་དང་དེ་བཞིན་ཞག་སྡོད་ཞབས་འདེགས་སླར་གསོ་མགྱོགས་པ། དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་། ཡུལ་སྐོར་ལས་དོན་ཁང་དང་དེ་བཞིན་དེའི་འབྲེལ་ཡོད་ཞབས་འདེགས་ལས་རིགས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་ལྡབ་1.3འཕར་ནས། 2019ལོའི་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་གི་80.7%སླར་གསོ་ཐུབ་ཡོད། ཡུལ་སྐོར་གསོལ་མགྲོན་ཁང་དང་གོང་ཁེའི་མུ་འབྲེལ་ཨར་ཁང་གི་ཕྱིར་ཚོང་ཡོང་འབབ་སོ་སོར་དུས་མཚུངས་ལས་16.4%དང་30.6%འཕར་ནས། སོ་སོར་2019ལོའི་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་གི་73.4%དང་79.9%སླར་གསོ་ཐུབ་ཡོད། གནས་ཚང་ཞབས་འདེགས་ལས་རིགས་ཀྱིས་རང་སོ་སོའི་ཁྱད་ཆོས་ལྡན་པའི་ཞབས་འདེགས་ཞུས་པར་ཡུལ་སྐོར་བའི་དགའ་བསུ་ཐོབ་ནས་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་74.2%འཕར་བ་དེ་2019ལོའི་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་དང་བསྡུར་ན་ལོ་རེར་ཆ་སྙོམས་13.3%འཕར་ཡོད་པ་རེད།