ཉིན་ཤས་རིང་། ཀྲུང་གོ་ལྕགས་ལམ་ཅུས་བཅུ་བཞི་ཚོགས་པ་ཚད་ཡོད་ཀུང་སིའི་ཨར་པོ་བ་30ལྷག་ཙམ་གྱིས་མཉམ་དུ་ཕུག་ལམ་དུ་ལས་ཀ་ཧུར་ཐག་བྱས་ཏེ། རྒྱལ་ནང་གི་ས་འོག་ལྕགས་ལམ་གྱི་སྐོར་ལམ་རིང་ཤོས་ཝུའུ་ཧན་ས་འོག་ལྕགས་ལམ་ལམ་ཐིག་12པའི་ཕུག་ལམ་ཏལ་འབིགས་ཐུབ་པའི་དམིགས་ཚད་ལེགས་གྲུབ་ཡོང་བར་མཐའ་མའི་འབད་བརྩོན་བྱས་པ་རེད།
རིང་ཚད་ལ་སྤྱི་ལེ་59.9ཟིན་པའི་ལམ་ཐིག་12ཝུའུ་ཧན་གྱི་སྲིད་འཛིན་ས་ཁུལ་7དང་སྦྲེལ་ཡོད་པ་དང་། འབྲི་ཆུ་ཐེངས་3དང་མཚོ་ཐེངས་2སྒྲོལ་དགོས་ཤིང་། ལྕགས་ལམ་དང་། ཟམ་པ། འཛུགས་སྐྲུན་གཅིག་སྡུད་ཁུལ་སོགས་མང་པོ་སྒྲོལ་་དགོས་ཀྱི་ཡོད། དེའི་ནང་ཏན་ཁོའི་བར་ཁོངས་ཕུག་ལམ་གྱི་རིང་ཚད་ལ་སྨི་4011ཙམ་ཟིན་པ་དང་། རིང་ཚད་དེ་རྒྱལ་ནང་དུ་འབྲི་ཆུ་བསྒྲལ་བའི་ས་འོག་ལྕགས་ལམ་གྱི་ཕུག་ལམ་རིང་ཤོས་རེད།
“ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་རྗེས། གྲོང་མིས་འབྲི་ཆུ་སྒྲོལ་བར་སྐར་མ་5ལས་འགོར་གྱི་མེད”ཅེས་ཝུའུ་ཧན་ས་འོག་ལྕགས་ལམ་ཚོགས་པའི་འཛུགས་སྐྲུན་བྱ་གཞག་སྤྱི་ཁྱབ་པུའི་རྣམ་གྲངས་ཅིང་ལི་ཀྲུའུ་དབྱིས་ངོ་སྤྲོད་བྱས།
མིག་སྔར་འབྲི་ཆུ་བསྒྲལ་བའི་ཕུག་ལམ་སྐྲུན་ཚད་20%ཟིན་གྱི་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། 2012ལོར་ས་འོག་ལྕགས་ལམ་ཐོག་མ་དེ་ཤར་གཏོང་ཐུབ་ཚུན། ལོ་བཅུའི་རིང་ཝུའུ་ཧན་ས་འོག་ལྕགས་ལམ་གྱི་ལམ་ཐིག་11བར་མང་དུ་ཕྱིན་པ་དང་། སྐྱེལ་འདྲེན་གཉེར་སྐྱོང་ལམ་ཐག་སྤྱི་ལེ་460ཟིན་ཞིང་། འབྲི་ཆུ་ཐེངས་བཞི་དང་ཧན་ཅང་གཙང་པོ་ཐེངས་གཉིས་བསྒྲལ་བ་དང་། གཙང་པོ་སྒྲོལ་མཁན་འགྲུལ་པ་60%ལྷག་ཙམ་ཟིན་ཡོད་པ་རེད།