དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • དཔྱིད་གསར་དུས་ཆེན་རིང་ཀྲུང་གོའི་སྤྱི་དམངས་ཀྱིས་ཕྱི་རྒྱལ་དུ་ཡུལ་སྐོར་བྱས་ཏེ་གོ་ལ་ཧྲིལ་པོའི་ཡུལ་སྐོར་ལས་རིགས་སླར་གསོར་གདེང་ཚོད་འཕེལ་བར་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས།   |     སྤེལ་དུས།  2023-01-29

    ཀྲུང་གོས་རིམས་འགོག་སྲིད་ཇུས་ལེགས་སྒྲིག་དང་ཀྲུང་གོའི་སྤྱི་དམངས་ཕྱི་རྒྱལ་དུ་ཡུལ་སྐོར་ལ་བསྐྱོད་རྒྱུ་གོ་རིམ་ལྡན་པའི་ངང་སླར་གསོ་བྱས་པ་དང་བསྟུན་ནས། ཀྲུང་གོ་བ་མི་ཉུང་བ་ཞིག་གིས་དཔྱིད་གསར་དུས་ཆེན་རིང་ཕྱི་རྒྱལ་དུ་བསྐྱོད་ནས་གུང་གསེང་ལ་རོལ་བས། རྒྱལ་ཁབ་མང་པོའི་ཡུལ་སྐོར་ལས་རིགས་སླར་གསོ་ཡོང་རྒྱུར་གདེང་ཚོད་འཕེལ་ཡོད།

    འབྱུང་འགྱུར་ལ་རེ་བས་ཁེངས་པ།

    “ང་ཚོས་ཀྲུང་གོའི་ཡུལ་སྐོར་བར་དམིགས་བསལ་གྱི་དགའ་བསུ་ཞུ་སྟངས་ཤིག་གཉེར་འདོད་ཡོད་པས། འཁྱགས་རོམ་གྱི་ཐོག་ཏུ་ཡོས་བུ་བརྐོས་པ་ཡིན། གང་ཡིན་ཟེར་ན། 2023ལོ་ནི་ཀྲུང་གོའི་ཆུ་ཡོས་ལོ་རེད། ང་ཚོར་ད་དུང་ཀྲུང་གོའི་ཁྱད་ཆོས་མཚོན་པའི་དགའ་བསུ་བྱེད་སྟངས་གཞན་དག་མང་པོ་ཡོད་ལ་དེ་དག་ཚང་མ་ང་ཚོས་ཐེངས་དང་པོར་བསྒྲུབས་པ་ཞིག་ཡིན”ཞེས་གཞོན་ནུ་མ་རི་བོ་ལྕགས་ལམ་ཀུང་སིའི་དོ་དམ་མི་སྣ་ཁའེ་སི་ལེས་བརྗོད།

    གངས་ཤུད་གློད་སའི་གནས་མཆོག་དེས་ཨེ་ཤེ་ཡའི་ཁྲོམ་རར་སྔར་ནས་བཟུང་བརྩི་མཐོང་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་ཅིང་། ཏོག་གསར་རིམས་ནད་མ་ཐོན་གོང་ཨེ་ཤེ་ཡའི་ཡུལ་སྐོར་བ་ལོ་རེར་ཆ་སྙོམས་མི་ཐེངས་ཁྲི་75ལ་སྣེ་ལེན་ཞུས་ཡོད། ཁའེ་སི་ལེས“ཀྲུང་གོའི་ཁྲོམ་རར་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པར་ཡིད་ཆེས་ཡོད། དེར་བརྟེན་ཀྲུང་གོའི་ཡུལ་སྐོར་བར་དམིགས་པའི་བྱེད་སྒོ་མང་པོ་འདི་འདྲ་སྤེལ་བ་ཡིན”ཞེས་བཤད་པ་རེད།

    ཀྲུང་གོའི་དཔྱིད་གསར་དུས་ཆེན་ཚེས་གཅིག་གི་ཞོགས་པར། ཧིན་རྡུ་ཉི་ཞི་ཡའི་པ་ལི་གླིང་ཕྲན་གནམ་ཐང་གིས་ཡུལ་དེ་གའི་སྲོལ་རྒྱུན་གླུ་གར་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སེང་རྩེད་འཁྲབ་སྟོན་བྱས་ནས་2023ལོའི་ཀྲུང་གོའི་ཡུལ་སྐོར་གཙང་གླས་གནམ་གྲུ་དང་པོ་ཧྲེན་ཀྲེན་ནས་ཡུལ་དེ་གར་འབྱོར་བར་དགའ་བསུ་ཞུས་པ་རེད། པ་ལི་ཞིང་ཆེན་གྱི་ཧྲེང་ཀྲང་ཁའོ་སི་ཐེས། ལོ་མང་རིང་ཀྲུང་གོ་ནི་པ་ལི་གླིང་ཕྲན་གྱི་ཡུལ་སྐོར་བའི་ཡོང་ཁུངས་རྒྱལ་ཁབ་ཆེ་ཤོས་ཀྱི་གྲས་ཡིན། ཀྲུང་གོའི་ཡུལ་སྐོར་བ་སླེབས་པ་དེས་པ་ལི་གླིང་ཕྲན་གྱི་ཡུལ་སྐོར་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་ངེས་རེད་ཅེས་བརྗོད་ཡོད།

    ཡུལ་སྐོར་ལས་གཉེར་བའི་གདེང་ཚོད་འཕེལ་བར་བྱས་པ།

    “ཀྲུང་གོའི་ཡུལ་སྐོར་བ་ཧ་ཅང་མང་ལ་འཛད་སྤྱོད་ནུས་པ་ཆེ་ཙམ་ཡོད་པས། ཧྥི་ལི་ཕིན་གྱི་གསོལ་མགྲོན་ཁང་དང་བཟའ་བཏུང་སོགས་ཡུལ་སྐོར་ཞབས་ཞུའི་ལས་རིགས་ཀྱི་ལས་ཞུགས་ཐད་ཕན་ཐོགས་ཆེན་པོ་ཡོད”ཅེས་ཧྥི་ལི་ཕིན་ཕན་ཡོད་ཤར་ཕྱོགས་ཡུལ་སྐོར་ལས་དོན་ཁང་གི་སྤྱི་ཁྱབ་གཞོན་པ་ཞུས་ཀྲི་ཁྲའོ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་ཅིང་། ད་དུང་ཁོང་གིས“ལོ་གསུམ་སོང་རྗེས་ཧྥི་ལི་ཕིན་གྱི་ཡུལ་སྐོར་ལས་རིགས་སླར་གསོའི་ཉམས་བཟང་མངོན་ནས་སྤ་སེ་མངགས་ཉོ་དང་། མགྲོན་ཁང་མངགས་པ། ཚོགས་པའི་ཡུལ་སྐོར་བཅས་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་འདུག ཧྥི་ལི་ཕིན་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་མི་ཆོས་དང་ཡུལ་སྐོར་མཉམ་ལས་ནི་འཕེལ་རྒྱས་ཡག་པོ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་བརྗོད་པ་རེད།

    ཉིན་ཤས་གོང་། ཧོ་ལན་ཡུལ་སྐོར་ཅུས་ཀྱི་གཟུགས་བརྙན་ཕོ་ཉ་སྟེ་དབྱང་ཅའོ་གྲོང་ཚོའི་གྲོང་དཔོན་ཀེ་པེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོའི་ཡུལ་སྐོར་བ་སླེབས་པ་དེས་ཧོ་ལན་གྱི་ཡུལ་སྐོར་ལས་རིགས་རྒྱུན་མཐུད་ངང་སླར་གསོ་ཡོང་རྒྱུར་ཕན་ཐོགས་ཡོད། མིག་སྔར་ཧོ་ལན་གྱི་གྲགས་ཅན་ཡུལ་སྐོར་མཛེས་ལྗོངས་ཁུལ་དབྱང་ཅའོ་གྲོང་ཚོར་ཀྲུང་གོའི་ཡུལ་སྐོར་ཚོགས་པའི་མངགས་ཐོ་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། སྔོན་དཔག་བྱས་ན་དུས་ཚིགས་གཉིས་པ་ནས་བཟུང་ཧོ་ལན་དུ་རྩེར་སོན་གྱི་རང་མོས་ཡུལ་སྐོར་དང་ཚོང་དོན་རྟོག་ཞིབ་ཡུལ་སྐོར་བྱེད་མཁན་ཀྲུང་གོའི་ཡུལ་སྐོར་བའི་མི་གྲངས་མུ་མཐུད་འཕར་རྒྱུ་ཡིན་ཞིང་། ཧོ་ལན་གྱི་ཡུལ་སྐོར་ལས་རིགས་ལའང་དེའི་རྐྱེན་གྱིས་ཕན་པ་འཐོབ་རྒྱུ་རེད་ཅེས་བརྗོད་པ་རེད།

    གོ་ལ་ཧྲིལ་པོའི་ཡུལ་སྐོར་ལས་རིགས་སླར་གསོ་ཡོང་རྒྱུར་སྐུལ་འདེད་བཏང་བ།

    དཔྱིད་གསར་དུས་ཆེན་རིང་། ཀྲུང་གོའི་ཡུལ་སྐོར་བ་མི་ཉུང་བ་ཞིག་ཁྲང་ཐན་དང་པའོ་ཧོ་སོགས་ཧྥི་ལི་ཕིན་དུ་ཡུལ་སྐོར་ལ་ཡོང་ནས་ཡུལ་དེ་གའི་གསོལ་མགྲོན་ཁང་དང་ཟ་ཁང་དུ་རིམས་ནད་མ་ཐོན་གོང་གི་ཚོང་ལས་ཀྱི་ཉམས་བཟང་སླར་ཡང་མངོན་ཡོད། ཧྥི་ལི་ཕིན་གྱི་ཡུལ་སྐོར་པུའུ་ཀྲང་ཁེ་ལི་སི་ཏི་ན·ཕུའུ་ལ་སི་ཁའོ་ཡིས། ཀྲུང་གོའི་ཡུལ་སྐོར་བ་སླེབས་པ་ནི་ལོ་གསར་གྱི་སྔ་ལྟས་བཟང་པོ་ཞིག་ཡིན་པས། ཧྥི་ལི་ཕིན་གྱི་ཡུལ་སྐོར་ལས་རིགས་སླར་གསོ་ཡོང་རྒྱུར་ཕན་ཆེན་པོ་ཐོགས་རྒྱུ་རེད། “ཀྲུང་གོས་ཧྥི་ལི་ཕིན་འདི་ཉིད་རྒྱལ་མཚམས་སྒྲོལ་མཁན་ཚོགས་པས་ཡུལ་སྐོར་བྱ་ཡུལ་ཁག་དང་པོའི་གྲས་སུ་བཅུག་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཧྥི་ལི་ཕིན་གྱིས་སྒོ་དབྱེའི་རྣམ་པའི་ཐོག་ནས་གྲོགས་པོ་ཀྲུང་གོ་བ་རྣམས་ལ་དགའ་བསུ་ཞུ་རྒྱུ་ཡིན”ཞེས་བརྗོད་པ་རེད།

    ཀེ་རི་སེའི་ཡུལ་སྐོར་པུའུ་ཀྲང་ཝ་ཤིས་ལི་སི·ཅི་ཅི་ལི་ཡ་སིས་ཀྱང་ཀྲུང་གོ་བར་དུས་ཆེན་གྱི་འཚམས་འདྲི་ཞུས། ཡུལ་སྐོར་ལས་རིགས་ནི་ཀེ་རི་སེའི་དཔལ་འབྱོར་གྱི་ཀ་རྟེན་ཐོན་ལས་ཀྱི་གྲས་ཤིག་ཡིན་པ་དང་ཐོན་རྫས་རིན་ཐང་གིས་དེའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བཞི་ཆ་གཅིག་ཟིན་གྱི་ཡོད། ཅི་ཅི་ལི་ཡ་སིས་ཀེ་རི་སེའི་ཡུལ་སྐོར་ལས་རིགས་2023ལོར་སླར་གསོ་ཐུབ་རེ་བྱེད་པ་དང་། ཀྲུང་གོའི་ཁྲོམ་ར་སྔར་བས་གསར་འབྱེད་དང་ཀྲུང་གོའི་ཡུལ་སྐོར་བའི་ཡིད་དབང་འགུག་དགོས་ཀྱི་ཡོད། “ཀེ་རི་སེར་ཀྲུང་གོའི་ཡུལ་སྐོར་བ་བསུ་བར་ཧ་ཅང་དགའ་པོ་འདུག་ལ་རེ་སྒུག་ཆེན་པོའང་བྱེད་ཀྱི་ཡོད”ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།