ཚེས་22ཉིན་ནི་ཆུ་ཡོས་ལོའི་ལོ་གསར་གྱི་ཚེས་གཅིག་ཡིན་པ་དང་ཉིན་དེར་མོ་ཞི་ཁོའི་རྒྱལ་སའི་མོ་ཞི་ཁོ་གྲོང་ཁྱེར་གྱི་མཚོན་བྱེད་གྲས་ཤིག་ཡིན་པའི་རང་བཙན་ལྷའི་ཕོ་ཉའི་དྲན་གསོའི་རྡོ་རིང་མདུན་དུ་ས་གནས་དེ་གའི་མིས་དགའ་པོ་བྱེད་པའི“རྐང་འཁོར་ལ་ལོ་རྟགས་ཀྱི་མཛེས་རྒྱན་སྤྲོས་པའི་འགྲན་བསྡུར་ཆེ་མོ”སྤེལ་ནས་ཀྲུང་གོའི་དཔྱིད་གསར་དུས་ཆེན་གྱི་རྣམ་པ་ཟབ་མོ་དེ་ས་གནས་ས་ཐོག་གི་ལྟད་མོ་བར་བརྒྱུད་སྤྲོད་བྱས་པ་རེད།
འགྲན་བསྡུར་འགོ་ཚུགས་པར་ད་དུང་ཆུ་ཚོད་ཕྱེད་ཀ་ཙམ་ཡོད་པ་དང་དྲན་གསོའི་རྡོ་རིང་མདུན་གྱི་སྐས་རིམ་ཐོག་མིས་ཁེངས་ཤིང་། ཁོང་ཚོ་ལ་ལས་རི་བོང་རྣ་ཅོག་དབྱིབས་ཀྱི་སྐྲ་རྒྱན་སྤྲས་པ་དང་། ལ་ལས་ཀྲུང་གོའི་སྣུམ་ཤོག་གིས་བཟོས་པའི་ཉི་གདུགས་འདེགས་པ། ལ་ལས་ཆེད་མངགས་གཅེས་ཉར་སྲོག་ཆགས་རི་བོང་ཁྲིད་ནས་འགྲན་བསྡུར་ལ་ལྟ་བ་བཅས་བྱས་ཡོད།
《རླུང་རྟ་འཕེལ》སོགས་རྣ་བར་འཇགས་པའི་ཀྲུང་གོའི་གླུ་གཞས་དང་བསྟུན་ནས་འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པ་རེ་རེ་བཞིན་སྡིངས་ཆའི་ཐོག་ཡོང་ནས་ལ་ལས་རི་བོང་གི་འབག་དམར་པོ་གྱོན་པ་དང་གནའ་བོའི་རྒྱན་ཆས་སྤྲས་ནས་རྒྱ་ཡིག“དཔྱིད”ཀྱི་ཤོག་དྲས་ཀྱིས་རྐང་འཁོར་ལ་མཛེས་རྒྱན་སྤྲས་པའམ་ཡང་ན་ལ་ལས་མཚོན་ཤོག་སྣ་ཚོགས་ཀྱིས་བཟོས་པའི་རི་བོང་གིས་རྐང་འཁོར་གྱི་ལག་འཇུར་མཛེས་རྒྱན་སྤྲས་པ་དང་དེ་ནས་མེ་ཏོག་གིས་རྐང་འཁོར་ཡོངས་ལ་མཛེས་རྒྱན་སྤྲས། མཐར་སའེ་ལའེ་སི་ཐེ·མེ་ཤིས་ཡའི་ལྒང་བཞུ་དང་དུས་ཆེན་གྱི་གཞི་རྒྱུའི་འཆར་འགོད་ལ་དར་མའི་ཚོགས་ཆུང་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་པ་རེད།
ཚེས་20ཉིན་གྱི་སྔ་དྲོ་མོ་ཞི་ཁོ་གྲོང་གི་རྒྱལ་སྤྱིའི་སློབ་གྲྭ་ཞིག་ཏུ་དགེ་སློབ་2500ལྷག་ཙམ་ལུས་རྩལ་ཐང་དུ་འཛོམས་ནས་ཀྲུང་གོའི་ཆུ་ཡོས་ལོའི་ལོ་གསར་ལ་བསུ་བ་ཞུས། ལུས་ལ་དོམ་ཁྲའི་ཆས་སྤྲས་པའི་ཀྲུང་གོའི་ཕོ་གསར་ལུས་རྩལ་ཐང་དུ་སླེབས་མ་ཐག་ཕྲུ་གུ་ཚོས་མཐའ་ནས་བསྐོར་ཏེ་ཁོང་ཚོ་གོམ་པ་ཡང་སྤོ་མི་ཐུབ་པར་འགྱུར། འབྲུག་རྩེད་སེང་རྩེད་རུ་ཁག་དང་དྲག་རྩལ་འཁྲབ་སྟོན་རུ་ཁག་གིས་སློབ་མ་དང་སྤེལ་རེས་ཡང་ཡང་བྱས་པ་དང་འཕུར་མཆོང་སོགས་ཀྱི་སྟངས་སྟབས་ལ་དགའ་བསུ་ཡང་ཡང་ཐོབ་ཡོད།
སློབ་གྲྭ་འདིར་ཀྲུང་གོའི་སློབ་མ་60ལྷག་ཡོད། ལག་བསྟར་སློབ་སྤྱི་མ་ཁེ·དབྱི་ཕུའུ་ཡིས་སློབ་གྲྭས་རིག་གནས་སྤེལ་རེས་ཀྱི་འབྲེལ་ཟམ་བཙུགས་ནས་སློབ་མར་རིག་གནས་མི་འདྲ་བ་ཤེས་རྟོགས་བྱེད་རོགས་བྱས་ཏེ་ཁོང་ཚོར་ཡང་དག་དང་དོན་དངོས་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་གཞན་དག་ཤེས་རྟོགས་ཐུབ་པ་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གིས“རིག་གནས་སྤེལ་རེས་དེ་རིགས་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་པས་འབྱུང་འགྱུར་ལ་མ་འཇོག་བྱས་པ་ཞིག་རེད”ཅེས་བརྗོད།
གོང་གསལ་གྱི་བྱེད་སྒོ་ཕུད་དཔྱིད་གསར་དུས་ཆེན་རིང་ཀྲུང་གོའི་གློག་བརྙན་གཟའ་འཁོར་དང་རྒྱ་རིག་པ་མཁས་ཅན་གྱི་འཆད་ཁྲིད་སོགས་རིག་གནས་བྱེད་སྒོའང་མོ་ཞི་ཁོ་གྲོང་དུ་གཉེར་བ་རེད།