ཉེ་ཆར། གསར་འགོད་པས་བཟོ་འཕྲིན་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2022ལོར་རང་རྒྱལ་གྱི་གྲུ་བཟོའི་ལས་དོན་ལེགས་གྲུབ་བྱུང་ཚད་དང་། གསར་དུ་འབྱོར་བའི་མངགས་ཐོ། ལག་པར་ཡོད་པའི་མངགས་ཐོ་བཅས་ལ་ཐེག་ཚད་ཏུན་ལྟར་བརྩིས་ན་གོ་ལ་ཧྲིལ་པོའི་བསྡོམས་འབོར་གྱི་47.3%དང་། 55.2% 49.0%བཅས་སོ་སོར་བཟུང་བ་དང་། བཟོ་བཅོས་བྱས་པའི་ཏུན་བསྡོམས་འབོར་ལྟར་བརྩིས་ན་43.5%དང་། 49.8% 42.8%བཅས་སོ་སོར་ཟིན་ནས་དམིགས་ཚད་ཁག་གི་རྒྱལ་སྤྱིའི་ཁྲོམ་རའི་བགོ་སྐལ་དེ་འཛམ་གླིང་གི་ཨང་དང་པོ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།
2022ལོར་རང་རྒྱལ་དུ་གྲུ་བཟོའི་ཁེ་ལས་6གོ་ལ་ཧྲིལ་པོའི་གྲུ་བཟོའི་ལས་དོན་ལེགས་གྲུབ་བྱུང་ཚད་དང་། གསར་དུ་འབྱོར་བའི་མངགས་ཐོ། ལག་པར་ཡོད་པའི་མངགས་ཐོ་བཅས་མདུན་གྲལ་གྱི་ཁེ་ལས་10ཡི་གྲས་སུ་སོ་སོར་ཚུད་ཡོད་པ་རེད།
རྩེར་སོན་གྲུ་གཟིངས་དང་རྒྱ་མཚོའི་འདུ་འགོད་ཀྱི་སྒྲིག་ཆས་ཁག་ཅིག་བསྐྲུན་ནས་རྩིས་སྤྲོད་བྱས་ཤིང་། 2022ལོར་རང་རྒྱལ་གྱི་གྲུ་གཟིངས་ཁེ་ལས་ཀྱིས་ཚན་རྩལ་གསར་གཏོད་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ཅིང་། གྲུབ་འབྲས་གཙོ་བོའི་གྲས་སུ་རང་རྒྱལ་ནས་བཟོས་པའི་གྲུ་གཟིངས་ཆེ་གྲས་གཉིས་པ་བཟོ་འགོ་ཚུགས་པ་དང་། རང་བརྟེན་ཇུས་འགོད་བྱས་ནས་བཟོས་པའི་ཨེ་ཤེ་ཡའི་མཚོ་བྱིངས་སྟེགས་བུ་དང་པོའི“མཚོ་རྨང་ཨང་དང་པོའི”ལས་སྟེགས་ཀྱི་ལས་གྲྭ་ཨ་མའི་མཚོ་ཐོག་སྒྲིག་སྦྱོར་ལེགས་སྒྲུབ་བྱས་པ། གོ་ལ་ཧྲིལ་པོའི་ཏུན་ཁྲི་10རིམ་པའི་རིག་ལྡན་ཉ་ལས་ཀྱི་གསོ་ཚགས་གྲུ་གཟིངས་ཆེ་གྲས་ཐོག་མ“རྒྱལ་ཁབ་ཡིད་རྟོན་ཨང་དང་པོ་རྟགས་ཅན”ཞེས་མིང་བཏགས་ནས་རྩིས་སྤྲོད་བྱས་པ། རང་རྒྱལ་གྱི་གྲུ་གཟིངས་ཐོག་མ་དང་གོ་ལ་ཧྲིལ་པོའི་24000TEUཆེ་ཤོས་(ཚད་ལྡན་སྒམ)ནང་བླུགས་པའི་དོས་སྒམ་གྲུ་གཟིངས་ཆེ་ཤོས་རྩིས་སྤྲད་པ། རང་རྒྱལ་གྱི་ཐོག་མ་དང་གོ་ལ་ཧྲིལ་པོའི་གཤེར་གྱུར་རང་བྱུང་སོལ་རླངས་ཆེ་ཤོས(LNG)སྐྱེལ་འདྲེན་གྱི་སྣོན་འཇོག་གྲུ་གཟིངས“རྒྱ་མཚོའི་རྡོ་སྣུམ་301”རྟགས་ཅན་ལེགས་སྒྲུབ་བྱས་ནས་རྩིས་སྤྲད་པ་སོགས་ཚུད་ཡོད་པ་རེད།
LNGསྐྱེལ་འདྲེན་གྲུ་གཟིངས་ཆེ་གྲས་ཀྱི་ཁྱབ་ཁོངས་སུ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཅིང་། 2022ལོར་རང་རྒྱལ་གྱི་གྲུ་གཟིངས་ཁེ་ལས་ཀྱིས་གོ་ལ་ཧྲིལ་པོའི་LNGསྐྱེལ་འདྲེན་གྲུ་གཟིངས་ཆེ་གྲས་ཀྱི་དགོས་མཁོ་ཆེས་ཆེར་འགྲོ་བའི་གོ་སྐབས་དམ་འཛིན་བྱས་ནས་རང་བརྟེན་གསར་གཏོད་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་རྒྱལ་སྤྱིའི་ཁྲོམ་ར་ཧུར་ཐག་བཟུང་ཡོད། ཀྲུང་གོ་གྲུ་གཟིངས་བཟོ་ལས་ལས་རིགས་མཐུན་ཚོགས་ཀྱི་གྲངས་གཞི་ལྟར་ན། རང་རྒྱལ་གྱི་གྲུ་གཟིངས་ཁེ་ལས་ཀྱིས་2022ལོའི་ལོ་ཧྲིལ་པོར་LNGསྐྱེལ་འདྲེན་གྲུ་གཟིངས་ཆེ་གྲས་ཀྱི་མངགས་ཐོ་55དང་ལེན་བྱས་པ་དེས་གོ་ལ་ཧྲིལ་པོར་མངགས་ཐོའི་བསྡོམས་འབོར་གྱི་30%ལྷག་ཙམ་བཟུང་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།