དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • སྐྱེ་ཁུངས་ཐའེ་དབན་ནས་ཡིན་པའི་མནའ་མ་ཆིའུ་ཧྲི་ཆིན་གྱིས་སྐམ་ས་ཆེན་པོར་དཔྱིད་གསར་དུས་ཆེན་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ལིའུ་ཞའོ་ཡུས།   |     སྤེལ་དུས།  2023-01-28

    ཐབ་ནས་མེ་དམར་ཐིང་ཐིང་འབར་བཞིན་འདུག་ལ། ཚལ་སླང་ནང་གི་སྣུམ་ཚ་པོར་གྱུར་ནས་དུ་བ་འཕྱུར་ཞིང་། གཞོགས་གཅིག་ཏུ་པད་རྩ་དང་ཤ་སྡོར་ཐ་སྤག་གང་བཞག་འདུག ལོ་གསར་གནམ་གང་གི་ཕྱི་དྲོར། ཆིའུ་ཧྲི་ཆིན་གྱིས་པང་རས་བཅིངས་ནས། མ་ལག་བདེ་པོས་ཤ་རིལ་བཟོས་ཏེ་ཚལ་སླང་དུ་སྲེག་བཞིན་མཆིས། སྐར་མ་ཁ་ཤས་སོང་རྗེས་ཤ་རིལ་གྱི་ཐང་བཟོས་ཚར་བ་དང་། བཟའ་ཟླ་ལི་སུང་གིས་ཁོང་ལ་རོགས་པ་བྱེད་བཞིན་འདུག ཡུལ་མི་མང་པོ་ཞིག་སྒོ་འགྲམ་དུ་ལངས་ནས“སྐྱེ་ཁུངས་ཐའེ་དབན་ནས་ཡིན་པའི་མནའ་མ་དེས་ད་དུང་ང་ཚོ་ཨན་ཧུའེ་ཤོན་ཁྲེང་གི་ཚལ་ཡང་བཟོ་ཤེས་ཀྱི་འདུག”ཅེས་ལབ་གླེང་བྱེད། དགོང་མོའི་ཆུ་ཚོད་7པ་ཙམ་ལ། ཤ་རིལ་གྱི་ཐང་གསོལ་ཅོག་ཐོག་ཏུ་བསྒྲིགས་པ་དང་དེ་གནམ་གང་གི་ཚལ་གཙོ་བོར་གྱུར། ཁང་པའི་ཕྱི་རོལ་ནས་ཤོག་སྦག་གི་སྒྲ་གྲགས་པ་དང་། སེམས་རྩ་འཁོལ་བའི་ནང་མི་ཚོར་ལྟ་བཞིན། སྐམ་ས་ཆེན་པོར་ལས་གཏོད་བྱས་ནས་ལོ་7སོང་བའི་ཆིའུ་ཧྲི་ཆིན་གྱི་གདོང་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན“ལོ་གསར་ལ་ནང་མི་མཉམ་འཛོམས་བྱུང་སོང”ཞེས་བཤད།

    ཉིན་གཉིས་གསུམ་གྱི་གོང་དུ་བཟའ་མི་དེ་གཉིས་ཧྥུའུ་ཅན་ཞ་མོན་དུ་རང་ཁྱིམ་གྱི་དྲག་རྩལ་ཁང་གཉེར་སྐྱོང་བྱེད་ཀྱི་ཡོད། 2015ལོར་བཟའ་མི་གཉིས་ཀྱིས་རང་བརྟེན་ལས་གཏོད་བྱས་ཏེ་ཞ་མོན་དུ་དྲག་རྩལ་ཁང་བཙུགས་པས་བྱ་གཞག་འཕེལ་རྒྱས་ཆེན་པོ་བྱུང་། ཆིའུ་ཧྲེ་ཆིན་གྱིས་ཐའེ་པེ་རུ་ཡོད་པའི་ཕ་མ་གཉིས་ལ་ཁ་པར་བརྒྱབ་ནས“འདི་ལོ་ཨན་ཧུའེ་ཤོན་ཁྲེང་དུ་ལོ་གསར་གཏོང་གི་ཡིན། པཱ་ལགས་དང་ཨ་མ་ལགས་ཐུགས་ཁྲལ་མ་གནང་རོགས”ཞེས་བཤད།

    བཟའ་མི་གཉིས་པོས་ཧྥུའུ་ཅན་གྱི་ཁྱད་ལྡན་ཐོན་རྫས་ཉོས་ཏེ་སྒེར་འཁོར་བཏང་ནས་ཕ་ཡུལ་དུ་ལོག ཤོན་ཁྲེང་གྲོང་ཁྱེར་ཤོན་ཀྲོའུ་ཆུས་ཝུན་ཁྲང་གྲོང་རྡལ་ལི་ཅཱ་ཏུའུ་གྲོང་ཚོར་འབྱོར་སྐབས། གཙང་སྦྲ་དོད་པའི་གྲོང་གསེབ་ཀྱི་སྒོ་ར་ཆེན་པོ་དང་། བརྗེས་མ་ཐག་པའི་གཞི་གཅིག་ཅན་གྱི་དྲོད་རླངས་མཁོ་འདོན་སྒྲིག་ཆས། སྲང་ལམ་གང་སར་བཞག་པའི་སྒེར་འཁོར་བཅས་མཐོང་བས་ལི་སུང་གིས་ཆིའུ་ཧྲི་ཆིན་ལ“ཁྱིམ་དུ་ལོག་ཁོམ་མ་བྱུང་བའི་ལོ་གསུམ་རིང་ཕ་ཡུལ་ལ་འགྱུར་ལྡོག་ཆེན་པོ་འདི་འདྲ་བྱུང་བ་དངོས་གནས་བསམ་ཡུལ་ལས་འདས་སོང”ཞེས་བཤད།

    ལོ་གསར་གྱི་ཁ་ལག་ཟ་སྐབས། རྒན་རབས་ཚོས་བཟའ་མི་གཉིས་ལ་ལོ་གསར་གྱི་བསམ་འདུན་གང་ཡོད་མེད་འདྲི་སྐབས་དྲག་རྩལ་ལ་དགའ་མོས་ཡོད་པའི་ལི་སུང་གིས“ཀྲུང་ཧྭའི་དྲག་རྩལ་ནི་མི་རིགས་ཀྱི་མཆོག་ནོར་ཞིག་ཡིན་ལ། ངོགས་གཉིས་འབྲེལ་མཐུད་བྱེད་པའི་འབྲེལ་ཐག་ལྟ་བུ་ཞིག་ཀྱང་ཡིན་པས། འཕེལ་རྒྱས་ཀྱི་མདུན་ལམ་ཆེན་པོ་ཡོད། གོམ་སྟབས་རྗེས་མར་ངས་ཧྥུའུ་ཅན་གྱི་ས་ཁུལ་དང་གྲོང་ཁྱེར་གཞན་དུ་ཡན་ལག་ཁང་འཛུགས་རྩིས་ཡོད”ཅེས་བཤད། ཆིའུ་ཧྲི་ཆིན་གྱིས་ངས་ལས་གཏོད་བྱས་ནས་འགན་བཅོལ་བར་ཁེ་བ་ཞིག་བྱེད་རྩིས་ཡོད་ཅེས་བཤད།

    སྒོ་ར་ནས་དོན་སྐབས་སྒོའི་གཡས་གཡོན་དུ་སྦྱར་བའི“ཉ་གང་ཟླ་བའི་འོད་ཟེར་ས་ཕྱོགས་ཀུན་ལ་འཕྲོ། ངོགས་གཉིས་མཉམ་དུ་དཔྱིད་གསར་དུས་ཆེན་དགའ་བདེར་རོལ”ཞེས་པའི་ལོ་གསར་ཆ་ཡིག་ལས་བཀྲག་མདངས་འཚེར་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།