འབྱུང་འགྱུར་ཉིན་གསུམ་ནང་རང་རྒྱལ་གྱི་ས་ཁུལ་མང་ཆེ་བར་གངས་ཆར་ཉུང་བས་དཔྱིད་གསར་སྐྱེལ་འདྲེན་གྱི་ཕྱིར་ལོག་ལ་འཚམ་པོ་ཡོད། རེས་སྐོར་གསར་པའི་མཁའ་རླུང་གྲང་མོས་དབུས་ཤར་རྒྱུད་ཀྱི་ས་ཁུལ་ལ་ཤུགས་རྐྱེན་ཐེབས་ནས་དབུས་ཤར་རྒྱུད་ཀྱི་ས་ཁུལ་ཁག་གཅིག་ཏུ་དྲོད་ཚད་ཧྲེ་ཧྲི་ཏུའུ་4ནས་6བར་ཆག་གི་ཡོད་མོད། འོན་ཀྱང་དྲོད་ཚད་ཆག་ཤུགས་ཆུང་བས་རང་རྒྱལ་གྱི་ས་ཁུལ་མང་ཆེ་བར་དྲོད་ཚད་འཕར་བའི་འཕེལ་ཕྱོགས་ལ་ཤུགས་རྐྱེན་ཐེབས་ཀྱི་མེད།
འདི་ལོའི་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་དུས་འགོར་མཁའ་རླུང་གྲང་མོའི་ཤུགས་རྐྱེན་ཆེན་པོ་ཕོག་ནས་རང་རྒྱལ་གྱི་དབུས་ཤར་རྒྱུད་ཀྱི་ས་ཁུལ་མང་ཆེ་བར་དྲོད་ཚད་ཅུང་ཙམ་ཆག་པ་དང་ལྷགས་པ་ཆེན་པོ་རྒྱག་པའི་གནམ་གཤིས་བསྟན་ནས་དྲོད་ཚད་ཧྲེ་ཧྲི་ཏུའུ་6ནས་10བར་རྒྱ་ཁྱབ་ངང་ཆག་ཡོད། མཁའ་རླུང་གྲང་མོའི་ཤུགས་རྐྱེན་ཡོལ་རྗེས། རང་རྒྱལ་གྱི་ས་ཁུལ་མང་ཆེ་བའི་དྲོད་ཚད་རྒྱུན་གཏན་གྱི་དུས་མཚུངས་ལས་དམའ་ཙམ་ཡོད། ཚེས་26ཉིན་གྱི་ཞོགས་པར་དབུས་ཤར་རྒྱུད་ཀྱི་ས་ཁུལ་མང་ཆེ་བའི་དྲོད་ཚད་མངོན་གསལ་དོད་པོས་འཕར་ཞིང་། ཚེས་26ཉིན་ནས་བཟུང་རེས་སྐོར་གསར་པའི་མཁའ་རླུང་གྲང་མོ་སྟོན་གྱི་ཡོད་པ་དང་ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པར་ཚེས་26ནས་28ཉིན་བར་དབུས་ཤར་རྒྱུད་ཀྱི་ས་ཁུལ་ཁག་གཅིག་ཏུ་དྲོད་ཚད་ཧྲེ་ཧྲི་ཏུའུ་4ནས་6བར་ཆག་གི་ཡོད་པ་དང་ས་ཆ་ཁག་གཅིག་ཏུ་དྲོད་ཚད་ཆག་ཚད་ཧྲེ་ཧྲི་ཏུའུ་8ལྷག་ཙམ་ཟིན་གྱི་ཡོད། ཁྱོན་ཡོངས་ནས་བལྟས་ན། མཁའ་རླུང་གྲང་མོའི་ཤུགས་རྐྱེན་ཕོག་ཡུན་ཐུང་བ་དང་དྲོད་ཚད་ཆག་ཤུགས་ཆུང་བས་རང་རྒྱལ་གྱི་ས་ཁུལ་མང་ཆེ་བར་དྲོད་ཚད་འཕར་གྱི་ཡོད་པ་རེད།
ཚེས་26ཉིན་ནས་བཟུང་ཉིན་གསུམ་ནང་རྒྱལ་ཡོངས་ཀྱི་ས་ཁུལ་མང་ཆེ་བར་གངས་ཆར་ཉུང་བ་དང་གནམ་དྭངས་བའམ་ཡང་ན་སྤྲིན་པ་མང་པོ་འཁོར་བའི་གནམ་གཤིས་སྟོན་གྱི་ཡོད་པས་ཕྱིར་བསྐྱོད་ན་འཚམ་པོ་ཡོད། སྤྱིའི་ཆ་ནས་མི་རྣམས་ཀྱི་དཔྱིད་གསར་སྐྱེལ་འདྲེན་གྱི་ཕྱིར་ལོག་ལ་འཚམ་པོ་ཡོད།
གནམ་གཤིས་རིགས་གཅིག་མཁས་ཅན་གྱིས་དྲན་སྐུལ་བྱས་དོན། དཔྱིད་གསར་དུས་ཆེན་རིང་ཕྱིར་ལོག་མཁན་སྤྱི་དམངས་ཀྱིས་ལམ་བར་གྱི་ས་ཆ་དང་དམིགས་སའི་གནམ་གཤིས་སྔོན་བརྡར་དུས་ཐོག་ཏུ་དོ་ཁུར་བྱས་ནས་དེ་མཚུངས་ཀྱི་གྲ་སྒྲིག་ཡག་པོ་བྱེད་དགོས།