དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • “དགའ་སྤྲོ་འཁོལ་བའི་དཔྱིད་གསར་དུས་ཆེན”གྱི་བྱེད་སྒོས་རྒྱལ་ཁབ་མང་པོར་དཔྱིད་གསར་གྱི་སྨོན་འདུན་མཚོན་པར་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-01-28

    ཆུ་ཡོས་ལོའི་དཔྱིད་གསར་དུས་ཆེན་སྐབས། “དགའ་སྤྲོ་འཁོལ་བའི་དཔྱིད་གསར་དུས་ཆེན”གྱི་བྱེད་སྒོ་རབ་དང་རིམ་པ་སི་ཕེན་དང་། སར་པི་ཡ། ཧང་ག་རི། མོ་ཞི་ཁོ། འབར་མ། པར་ཙིར་སོགས་རྒྱལ་ཁབ་མང་པོར་སྤེལ་བ་རེད། སེང་རྩེད་རྩེ་བ་དང་། དམངས་སྲོལ་གྱི་ཚོགས་མཆོད། ཀྲུང་གོའི་བཀྲ་ཤིས་མདུད་པ་སོགས་ཀྲུང་གོའི་དཔྱིད་གསར་དུས་ཆེན་རིག་གནས་ཀྱི་སྲོལ་རྒྱུན་ཟབ་མོ་ལྡན་པའི་བྱེད་སྒོ་བརྒྱུད་ཕྱིར་སྡོད་རང་མི་དང་། ཕྱི་ཁོངས་ཀྲུང་གོ་བ། ས་གནས་དེ་གའི་དམངས་ཚོགས་བཅས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་མཚོན་པར་བྱས་པ་རེད། རྣམ་པ་འདྲ་མིན་སྣ་ཚོགས་ཀྱི“དགའ་སྤྲོ་འཁོལ་བའི་དཔྱིད་གསར་དུས་ཆེན”གྱི་བྱེད་སྒོ་ལས་ཀྲུང་གོ་དང་རྒྱལ་ཁབ་ཁག་གི་དམངས་ཚོགས་མཉམ་དུ་དུས་ཆེན་དགའ་གཏོང་བྱས་པ་དང་ཀྲུང་གོའི་རིག་གནས་ཉམས་ལེན་བྱས་པ་རེད།

    སི་ཕེན་དུ“དགའ་སྤྲོ་འཁོལ་བའི་དཔྱིད་གསར་དུས་ཆེན”གྱི་རྟེན་འབྲེལ་བྱེད་སྒོ་དེ་སི་ཕེན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་། མ་ཏེ་རི་གྲོང་ཁྱེར་སྲིད་གཞུང་། མ་ཏེ་རི་རང་སྐྱོང་ལྗོངས་སྲིད་གཞུང་བཅས་ཀྱིས་ཐུན་མོང་ཐོག་གཉེར་བ་ཞིག་རེད། ཟླ་གཅིག་ཙམ་རིང་དམངས་ཚོགས་ཀྱིས་མཛེས་འཆོས་རླངས་འཁོར་གྱི་ཁྲོམ་སྐོར་དང་། སྒྱུ་རྩལ་འགྲེམས་སྟོན། དམངས་སྲོལ་གྱི་ཚོགས་མཆོད། ཤོག་སྦག་སྤོར་བ་སོགས་ཀྱི་བྱེད་སྒོར་ཞུགས་ནས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དང་དཔྱིད་གསར་གྱི་སྤྲོ་སྣང་མྱོང་རོལ་བྱས་པ་རེད།

    མ་ཏེ་རིའི་ཧྲི་ཀྲང་ཨར་མེ་ཏ་ཡིས། ཡོས་ནི་ཞི་བདེ་དང་ཞི་མཐུན་གྱི་མཚོན་རྟགས་ཡིན་པས་མ་ཏེ་རིའི་གྲོང་མིས་ཆུ་ཡོས་ལོའི“དགའ་སྤྲོ་འཁོལ་བའི་དཔྱིད་གསར་དུས་ཆེན”གྱི་བྱེད་སྒོ་རབ་དང་རིམ་པའི་ནང་ཞུགས་ཏེ་མ་ཏེ་རིའི་ཕྱི་ཁོངས་ཀྲུང་གོ་བའི་སྡེ་ཁུལ་དབར་གྱི་འབྲེལ་བར་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    ཚེས་21ཉིན་གྱི་དགོང་མོར། སར་པི་ཡའི་རྒྱལ་ས་པེར་ཀེ་རེ་ཏེའི་མཁའ་དབྱིངས་སུ་ཤོག་སྦག་སྤར་ཞིང་། ཀྲུང་གོའི་ཧྲན་ཏུང་ནས་ཡོང་བའི་སེང་རྩེད་རུ་ཁག་པེར་ཀེ་རེ་ཏེའི་གྲོང་ཁྱེར་ལྟེ་གནས་ཀྱི་སྨི་ཧ་དབྱི་ལུའོ་ཁྲོམ་གཞུང་དུ་བསྐྱོད་པ་དང་2023ལོའི“དགའ་སྤྲོ་འཁོལ་བའི་དཔྱིད་གསར—དར་གོས་ལམ་བུའི་སྟེང་གི་མཛའ་གྲོགས་ཁེབས་ཡོད་རླངས་འཁོར་ཆེན་པོའི”བྱེད་སྒོ་སྤེལ་འགོ་ཚུགས་པ་རེད། སེང་རྩེད་དང་། དྲག་རྩལ། ལོ་གསར་རི་མོ། ཤོག་དྲས་འདྲ་གཟུགས་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་དང་དེ་བཞིན་ས་གནས་ས་ཐོག་ཏུ་འཐེན་ཐུག་དང་ཧྲུའེ་ཅའོ་ཙི་སོགས་ཀྲུང་གོའི་ཞིམ་ཟས་ལས་སར་པི་ཡར“ལོ་གསར་གྱི་རྣམ་པ”ཟབ་མོ་མངོན་པར་བྱས་ཡོད།

    ཁོ་ཕེན་ཧ་ཀེན་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པའི་ཆུ་ཡོས་ལོའི“དགའ་སྤྲོ་འཁོལ་བའི་དཔྱིད་གསར་དགའ་ནེའུ་དུས་ཆེན”ཏེན་མག་གི་རྒྱལ་ས་ཁོ་ཕེན་ཧ་ཀེན་གྲོང་ཁྱེར་ཐང་ཆེན་དང་གྲོང་ཁྱེར་སྲིད་གཞུང་གི་ཚོམས་ཆེན་དུ་གཉེར་བ་རེད། གྲོང་ཁྱེར་སྲིད་གཞུང་གི་ཚོམས་ཆེན་དུ་ལྒང་བཞུ་དམར་པོ་དང་ཀྲུང་གོའི་བཀྲ་ཤིས་མདུད་པ་མཐོན་པོར་བཀལ་ཡོད་ཅིང་། མི་རྣམས་འཁྲུག་ཆ་དོད་པའི་ཀྲུང་གོའི་ལོ་གསར་གྱི་རྣམ་པར་རོལ་ནས་མཉམ་དུ་དྲན་རྟེན་པར་རྒྱག་པ་དང་། གྲོང་ཁྱེར་སྲིད་གཞུང་གི་ཚོམས་ཆེན་ཕྱི་རོལ་གྱི་ལོ་རྒྱུས་ཡུན་རིང་ལྡན་པའི་ཐང་ཆེན་དུ་འབྲུག་རྩེད་རྩེ་བ་དང་། “ཀྲུང་གོའི་འབྲུག”དེ་ཉིད་བྱིས་སྒྲུང་མཁས་དབང་ཨན་ཐུའུ་ཧྲེང་གི་འཇིམ་བརྙན་མདུན་ནས་རྒྱུ་བ་དང་བྱིས་སྒྲུང་གི་རྣམ་པ་དང་ཀྲུང་གོའི་ཉམས་འགྱུར་གཉིས་ལས་དེ་ག་འཁྲུག་ཆ་ཧ་ཅང་དོད་པོར་གྱུར།

    ཁོ་ཕེན་ཧ་ཀེན་གྱི་ཧྲི་ཀྲང་སུའོ་ཧྥེ་ཡ·ཨན་ཏེ་སེན་གྱིས་ཏེན་མག་གི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བར་སྨོན་འདུན་ཞུས་ཤིང་། ཁོང་གིས། ཡོས་ནི་བདེ་སྐྱིད་དང་། དགའ་སྤྲོ། ཞི་བདེ་བཅས་ཀྱི་མཚོན་རྟགས་རེད། ང་ཚོས་མུ་མཐུད་ཕན་ཚུན་གཞོགས་འདེགས་བྱས་ཏེ་དགའ་སྤྲོ་དང་། བདེ་སྐྱིད། ཞི་བདེ་བཅས་ཀྱི་ལོ་གསར་པར་རོལ་རྒྱུའི་རེ་བ་ཡོད་ཅེས་བརྗོད།

    “དགའ་སྤྲོ་འཁོལ་བའི་དཔྱིད་གསར་དུས་ཆེན”གྱི་དྲ་ཕྱིའི་ཉམས་ལེན་ཉིན་མོའི་བྱེད་སྒོ་ཚེས་20ཉིན་ཧང་ག་རིའི་རྒྱལ་ས་པུ་ཏ་ཕེ་སིའི་ལྟེ་བའི་ཁུལ་དུ་གནས་པའི་ཨའོ་ལི་ཉོ་སྒྲུབ་ལྟེ་གནས་སུ་གཉེར་བ་རེད། སེང་གེ་ཆ་གཅིག་གིས་རྔ་སྒྲའི་ཁྲོད་དགའ་སྤྲོའི་ངང་སེང་རྩེད་རྩེ་བ་དང་། བརྒྱངས་དཀྲོལ་རོལ་མོ་དང་པི་ཝང་གཉིས་དཀྲོལ་རོལ་དབྱངས་དང་ཀྲུང་གོའི་ཉམས་འགྱུར་ལྡན་པའི་ཞབས་བྲོ《པི་ཝང་སྙན་དབྱངས》ཞེས་པར་དགའ་བསུ་ཆེན་པོ་ཐོབ། རྒྱ་ཆས་སྤྲས་པའི་ཕྱི་ཁོངས་ཀྲུང་གོ་བའི་གཞོན་ནུ་དང་བླངས་པས་ཧང་ག་རིའི་དམངས་ཚོགས་ལ་ལོ་གསར་གྱི་འཚམས་འདྲི་དང་གུས་ཕྱག་ཇི་ལྟར་འབུལ་དགོས་མིན་དམར་ཁྲིད་བྱས་པ་དང་འབྲེལ། ཕྲུ་གུ་ཚོར་ལོ་གསར་གྱི་ལག་རྟགས་ཀྱང་སྤྲད་པ་རེད།

    ཚེས་21ཉིན་གྱི་དགོང་མོར། མར་ཐའི་རྒྱལ་ས་ཝ་ལེ་ཐ་ཡི་མར་ཐ་རྒྱལ་ཁབ་གསར་གཏོད་སྒྱུ་རྩལ་ལྟེ་གནས་ཀྱི་གློག་བརྙན་ཁང་དུ་མི་ཚོགས་ཀྱིས་ཁེངས་ཤིང་། ས་གནས་དེ་གའི་ལྟད་མོ་བ་ཚོས“དགའ་སྤྲོ་འཁོལ་བའི་དཔྱིད་གསར་དུས་ཆེན”གྱི་ཀྲུང་གོའི་གློག་བརྙན་དུས་ཆེན་གྱི་གློག་བརྙན《སའི་གོ་ལ་འཁྱམ་མྱུལ》ལ་དགའ་སྤྲོའི་ངང་བལྟས་པ་རེད།

    མར་ཐ་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱི་ཀྲུའུ་རེན་ཡོན་ཡོན་གྱིས“དགའ་སྤྲོ་འཁོལ་བའི་དཔྱིད་གསར་དུས་ཆེན”གྱི་ཀྲུང་གོའི་གློག་བརྙན་དུས་ཆེན་དེ་མར་ཐའི་དམངས་ཚོགས་ཀྱིས་ཀྲུང་གོའི་ལོ་གསར་དང་ཀྲུང་གོའི་རིག་གནས་མྱོང་རོལ་བྱེད་པའི་སྤུས་རྟགས་བྱེད་སྒོ་གལ་ཆེན་ཞིག་ཏུ་གྱུར་ཡོད། ད་རེས་ཀྱི་ཀྲུང་གོའི་གློག་བརྙན་དུས་ཆེན་ཐོག་བསྟན་པའི་གློག་བརྙན་ནང་ད་དུང《མེ་ལྕེའི་ཁྲོད་ཀྱི་དཔའ་བོ》དང་། 《རི་འཛེག་པ》 《དགུ་ཚིགས་གསབ་སྦྱོང་འཛིན་གྲྭ》 《ཀྲུང་གོའི་གནམ་གྲུ་གཏོང་མཁན》སོགས་ཚུད་ཡོད་ཅེས་བརྗོད་པ་རེད།

    ཚེས་20ཉིན། ཕོར་ཐིའུ་ཀལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་ཕོར་ཐིའུ་ཀལ་གྱི་པོར་ཐུའུ་གྲོང་ཁྱེར་སྲིད་གཞུང་གིས་པོར་ཐུའུ་གྲོང་ཁྱེར་དུ“དགའ་སྤྲོ་འཁོལ་བའི་དཔྱིད་གསར་དུས་ཆེན”གྱི་བྱེད་སྒོ་རབ་དང་རིམ་པ་གཉེར་བའི་ནང་འབྲུག་རྩེད་རྩེ་བ་དང་། ལོ་གསར་གྱི་ཆང་སྟོན། དཔྱིད་གསར་གསོལ་སྟོན་དང་རིག་རྩལ་འཁྲབ་སྟོན་བཅས་ཚུད་ཡོད། ཕོར་ཐིའུ་ཀལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲའོ་པེན་ཐང་དང་། ཕོར་ཐིའུ་ཀལ་འཕྲོད་བསྟེན་པུའི་པུའུ་ཀྲང་མན་ནུའུ་ཨེར·ཕི་ས་ལུའོ་དང་ཕོར་ཐིའུ་ཀལ་དུ་བཅའ་སྡོད་ཕྱིར་སྡོད་རང་མི་དང་། ཕྱི་ཁོངས་ཀྲུང་གོ་བ། ཀྲུང་གོའི་མ་འཇོག་སྒྲིག་གཞི། ཕྱི་སྦྱོང་སློབ་མ་བཅས་ཀྱི་འཐུས་ཚབ་300ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།

    ཚེས་21ཉིན། པར་ཙིར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་པ་ཞི་ལི་ཡ་རྒྱལ་ཕྲན་མཉམ་འབྲེལ་ཁུལ་ཡུལ་སྐོར་ཅུས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི“དགའ་སྤྲོ་འཁོལ་བའི་དཔྱིད་གསར་དུས་ཆེན”གྱི་རོལ་དབྱངས་འདུ་ཚོགས་དེ་པར་ཙིར་གྱི་རྒྱལ་ས་པ་ཞི་ལི་ཡར་གཉེར་ཞིང་། པར་ཙིར་རིག་གནས་པུའི་པུའུ་ཀྲང་མེ་ནེ་སའེ་སི་དང་པར་ཙིར་གྱི་ལས་རིགས་ཁག་གི་འཐུས་ཚབ་དང་དེ་བཞིན་པར་ཙིར་དུ་བཅའ་སྡོད་རྒྱལ་ཁབ་མང་པོའི་གཞུང་ཚབ་པ་དང་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་སོགས་མི་400ལྷག་ཙམ་མཉམ་དུ་འཛོམས་ནས་ཀྲུང་གོའི་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་རེད།(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་ཕྱོགས་བསྡུས་གནས་ཚུལ)

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།