ཚེས་9ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་དཔར་གཞི་བཅུ་པའི་ནད་བརྟག་སྨན་བཅོས་ཇུས་གཞིའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་བརྒྱབ་པ་རེད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གསར་འགྱུར་མགྲིན་ཚབ་པ་དྲིལ་བསྒྲགས་སིའི་སི་ཀྲང་གཞོན་པ་སྨི་ཧྥུང་གིས། མིག་སྔར་སྨན་བཅོས་སྐྱོབ་བཅོས་ནི་ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་ཁ་ཚ་དགོས་གཏུག་གི་ལས་འགན་ཞིག་ཡིན་པས། ནད་བརྟག་སྨན་བཅོས་ཀྱི་ལས་དོན་མདུན་ཕྱོགས་སུ་སྤེལ་བ་དང་ནད་གཞི་ལྕི་རིགས་སྐྱོབ་བཅོས་ཡག་པོ་བྱེད་པ་ནི་ཤུགས་རྒྱག་ས་གལ་ཆེན་ཞིག་རེད། སྨན་བཅོས་ཐོན་ཁུངས་རིམ་སྤོར་དང་རྒྱ་སྐྱེད་ལ་སྐུལ་འདེད་གཏོང་བ་དང་། སྒྲིག་ཆས་སྒྲིག་བཀོད་དང་སྨན་རྫས་བཀོད་སྒྲིག་འགན་ལེན་ཡག་པོ། མི་ཤུགས་ཐོན་ཁུངས་བཀོད་སྒྲིག་དང་མི་གསོ་སྦྱོང་ཡག་པོ་བཅས་བྱེད་དགོས། གཙོ་གནད་མི་ཚོགས་ཀྱི་གཞི་གྲངས་དང་གནས་ཚུལ་མཐིལ་རྟོགས་བྱས་ཏེ་བདེ་ཐང་ལྟ་ཞིབ་ཚད་ལེན་དང་སྔ་ཙམ་སྨན་བཅོས་ལ་ཤུགས་སྣོན་རྒྱག་དགོས། སྨན་བཅོས་མཉམ་འབྲེལ་ཚོགས་པའི་ནུས་པ་གང་ལེགས་བཏོན་ནས་མང་ཚོགས་ཀྱི་ནད་ལྟ་སྨན་བཅོས་དང་སྨན་ཁང་སྒྱུར་བའི་ལམ་བུ་ཤར་བགྲོད་བྱས་ཏེ་ནད་གཞི་ལྕི་རུ་འགྲོ་ཉེན་ཡོད་པའི་ནད་པ་དུས་ཐོག་ཏུ་ཤེས་རྟོགས་དང་སྒྱུར་སྐྱེལ་སྨན་བཅོས་ཐུབ་པའི་འགན་ལེན་བྱེད་དགོས། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཀྱི་ནུས་པ་འདོན་པ་དང་། དཔར་གཞི་བཅུ་པའི་ནད་བརྟག་སྨན་བཅོས་ཀྱི་ཇུས་གཞིར་ནན་པོར་གཞིགས་ནས། ཚན་རིག་དང་མཐུན་ཞིང་ཚད་ལྡན་ངང་ནད་བརྟག་སྨན་བཅོས་ཀྱི་ལས་དོན་སྤེལ་ཏེ་དྲག་སྐྱེད་བྱུང་ཚད་མང་དུ་གཏོང་བ་དང་། ནད་གཞི་ལྕི་ཚད་དང་ཤི་ཚད་ཉུང་དུ་གཏོང་དགོས་ཞེས་བརྗོད།
“དཔར་གཞི་བཅུ་པའི་ནད་བརྟག་སྨན་བཅོས་ཇུས་གཞིར་ཨའོ་སྨི་ཁེ་རུང་ངོ་འགྱུར་དུག་སྲིན་གྱི་ཁྱད་ཆོས་དང་ནད་དུག་འགོས་པའི་ནད་པའི་ནད་ཐོག་སྨན་བཅོས་ཀྱི་ཁྱད་ཆོས་ཟུང་འབྲེལ་བྱས་ཡོད” རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སྨན་བཅོས་འཕྲལ་སྡོམ་སིའི་སི་ཀྲང་ཀོ་ཡན་ཧུང་གིས། ནད་བརྟག་སྨན་བཅོས་ཀྱི་ཇུས་གཞི་ནི་ནད་ཐོག་སྨན་བཅོས་ཀྱི་སྨན་དོན་པས་ཏོག་གསར་འགོས་པའི་ནད་པར་ནད་བརྟག་སྨན་བཅོས་བྱེད་པའི་ཆེད་ལས་རང་བཞིན་དང་ལག་རྩལ་རང་བཞིན་གྱི་ཚད་གཞི་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་གཙོ་བོ་ནི་ནད་ཐོག་སྨན་བཅོས་ཀྱི་འདྲ་མཚུངས་ཅན་གྱི་ཆུ་ཚད་འགན་ལེན་དང་ནད་བརྟག་སྨན་བཅོས་ཀྱི་ཕན་ནུས་འགན་ལེན་བྱེད་དགོས། དཔར་གཞི་བཅུ་པའི་ནད་བརྟག་སྨན་བཅོས་ཇུས་གཞིའི་ནང་དོན་གཙོ་བོ་ནི་ཏོག་དབྱིབས་ནད་དུག་གསར་པའི་འགོ་ནད་ལ་རྒྱུན་གཏན་གྱི་འགོ་ནད“རིགས་ཁ་པའི་དོ་དམ་བྱེད་ཐབས་ཁ་པ”ལྟར་ནད་པར་དོ་དམ་དང་སྐྱོབ་བཅོས་བྱེད་དགོས་ཞེས་ངོ་སྤྲོད་བྱས།
དཔར་གཞི་དགུ་པ་དང་བསྡུར་ན། དཔར་གཞི་བཅུ་པའི་ནད་བརྟག་སྨན་བཅོས་ཇུས་གཞིར་ལེགས་སྒྲིག་གང་དག་བྱས་ཡོད་དམ་ཞེ་ན། ཀོ་ཡན་ཧུང་གིས། གཅིག་ནས་དོ་དམ་ཐད་ལེགས་སྒྲིག་བྱས་ཡོད། ཉར་བཅོས་བྱེད་ཐབས་ཐད་ནད་པར་གཅིག་སྡུད་ལོགས་དགར་གྱི་སྨན་བཅོས་མི་བྱེད་པ་དང་། གཉིས་ནས་སྨན་ཁང་ནས་དོན་པའི་ཚད་གཞིའི་འགྱུར་ལྡོག་ཐད། ཏོག་གསར་འགོས་པའི་ནད་པ་སྨན་ཁང་ནས་དོན་སྐབས་ཉིང་སྐྱུར་བརྟག་དཔྱད་ཐད་ཞིབ་ཕྲའི་བླང་བྱ་མི་འདོན་པར། ནད་ཐོག་སྨན་བཅོས་བྱེད་མཁན་སྨན་པས་ནད་པར་ཕྱོགས་བསྡུས་ཞིབ་འཇུག་བྱས་རྗེས་སྨན་ཁང་ནས་དོན་ཆོག་མིན་གཏན་འཁེལ་བྱེད་ཀྱི་ཡོད། གསུམ་ནས་ནད་ཐོག་སྨན་བཅོས་དང་། སྨན་བཅོས་བྱེད་ཐབས། ལག་རྩལ་བཅས་སྔར་བས་ཕུན་སུམ་ཇེ་ཚོགས་དང་ལེགས་སུ་བཏང་ཡོད། ནད་བརྟག་ཚད་གཞིའི་ཐད་ཏོག་དབྱིབས་ནད་དུག་གསར་པའི་གདོད་འགོག་བརྟག་དཔྱད་བྱས་འབྲས་གདགས་གཤིས་ཡིན་རིགས་ནད་བརྟག་ཚད་གཞིར་བཞག་ཡོད། ནད་ཐོག་སྐྱོབ་བཅོས་ཐད་ལས་དོན་མདུན་ཕྱོགས་སུ་སྤེལ་ཤུགས་ཆེ་རུ་བཏང་ནས་ནད་གཞི་ལྕི་རིགས་ཀྱི་ནད་བརྟག་སྨན་བཅོས་སྔར་བས་ཚད་ལྡན་དུ་བཏང་བ་དང་། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་མཐའ་འཁྱོངས་བྱས་ཡོད་ལ། ལྷག་པར་དུ་ནད་ཐོག་སྐྱོབ་བཅོས་བྱེད་རིང་ཀྲུང་ལུགས་གསོ་རིག་གི་དམིགས་བསལ་ནུས་པར་མཐོང་ཆེན་བྱས་ནས། ཏོག་དབྱིབས་ནད་དུག་གསར་པའི་འགོ་ནད་དང་རྨང་གཞིའི་རང་བཞིན་གྱི་གཅོང་ནད་མཉམ་བཅོས་བྱེད་པའི་འདུ་ཤེས་ཟབ་ཏུ་བཏང་ཡོད་ཅེས་ངོ་སྤྲོད་བྱས།
དཔར་གཞི་བཅུ་པའི་ནད་བརྟག་སྨན་བཅོས་ཇུས་གཞིའི་ནང་སྤྱིར་བཏང་གི་རིགས་མེད་པར་བཟོས་པ་དང་འབྲིང་བའི་རིགས་ཁ་སྣོན་བྱས་ཡོད། ཀོ་ཡན་ཧུང་གིས། འབྲིང་བའི་རིགས་ནི་ཚ་བ་ཆེན་པོ་ཉིན་3བསྟུད་མར་རྒྱག་པ་དང་། ལུས་པོ་སོས་དལ་སྐབས་ཀྱི་གསོ་རླུང་འདུས་ཚད་93%ལས་མཐོ་བ། གློ་པར་ལས་གློ་ཚད་ཕོག་པ་ཤེས་ཐུབ་པ་བཅས་ལ་ཟེར་མོད། འོན་ཀྱང་ནད་གཞི་ལྕི་རིགས་ལས་ཡང་བ་ཡོད། དཔར་གཞི་བཅུ་པའི་ནད་བརྟག་སྨན་བཅོས་ཇུས་གཞི་ལེགས་སྒྲིག་བྱས་པ་ནི་ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་ཚབས་ཆེ་ཆུང་ལ་གཞིགས་ནས་ཡང་རིགས་དང་། འབྲིང་རིགས། ལྕི་རིགས། ཉེན་ཆེའི་རིགས་བཅས་ལ་ཕྱེ་བ་དེ་ཡིན་ལ། ནད་ཐོག་སྨན་བཅོས་ཀྱི་དོན་དངོས་དང་དེ་བས་འཚམ་ཡོད། ནད་ཐོག་སྨན་བཅོས་རིགས་དབྱེ་ལེགས་སྒྲིག་བྱས་རྗེས། སྨན་དོན་པས་ནད་པའི་གནས་ཚུལ་ལ་ཕྱོགས་བསྡུས་ཞིབ་གཅོད་དང་ཕྱོགས་བསྡུས་སྨན་བཅོས་བྱེད་པར་དེ་བས་ཕན་ཐོགས་ཡོད་ཅེས་ངོ་སྤྲོད་བྱས།