ཝུང་པེ་ཐུའོ·ནཱ་ཏའེ་ནི་དབྱི་ཐ་ལིའི་ལྷོ་རྒྱུད་གྲོང་ཁྱེར་ནཱ་པུའུ་ལེ་སི་ནས་ཡིན་པ་དང་། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་ནི་ཁོང་གིས་བརྗོད་པའི“ཕ་ཡུལ་གཉིས་པ”རེད། “འདི་གར་ངའི་ཁྱིམ་ཚང་ཡོད་ལ། ངའི་བྱ་གཞག་གི་རྨང་གཞི་དང་མ་འོངས་འཕེལ་རྒྱས་ཀྱི་གཙོ་གནད་ཀྱང་ཡོད” ཁོང་གིས་ཀྲུང་གོའི་ཀོང་ཏུང་དུ་གྱོན་ཆས་ཀུང་སི་ཞིག་བཙུགས་ཡོད། ཀུང་སིས་དབྱི་ཐ་ལིའི་བྱ་སྤུའི་རྒྱུ་ཆ་དང་། ཀོ་ལྤགས་རྒྱུ་ཆ། དར་སྲོལ་ལྷམ་རིགས་སོགས་ཕྱིར་གཏོང་ནང་འདྲེན་གྱི་ཚོང་རྒྱག་པ་དང་རང་ཉིད་ལ་པཱ་ཐེ་ཞེས་རྒྱ་ཡིག་གི་མིང་བཏགས་ཡོད།
ཀྲུང་གོའི(ཧྲེན་ཀྲེན)རྒྱལ་སྤྱིའི་སྤུས་རྟགས་རྒྱན་གོས་ཉོ་ཚོང་འདུ་ཚོགས་དང་ཀྲུང་གོ(ཀོང་ཀྲོའུ)རྒྱལ་སྤྱིའི་ཟོག་འགྲེམས་སྒྲིག་ཆས་དང་ལག་རྩལ་འགྲེམས་ཚོགས་སོགས་ཉིན་ཤས་རིང་པཱ་ཐེས་འགྲེམས་ཚོགས་ནང་ཞུགས་པ་དང་། ངོ་འཕྲད་གྲོས་མོལ། འཆར་འགོད། གན་རྒྱ་འཇོག་པ་བཅས་ཀྱི་ལས་ལ་བྲེལ་བཞིན་ཡོད། ཉེ་བའི་ལོ་ཤས་རིང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་འོག་ཀྲུང་གོ་དང་ཡོ་རོབ་དབར་གྱི་ཚོང་དོན་མཉམ་ལས་ཉིན་བཞིན་ཟབ་ཏུ་ཕྱིན་པ་དང་བསྟུན་ནས་པཱ་ཐེའི་ཀུང་སིའི་ལས་སྒོ་ཡང་རྒྱུན་ཆད་མེད་པར་རྒྱ་ཆེར་དང་སྟོབས་ཆེར་ཕྱིན་ཡོད། ཀྲུང་གོའི་སྤུས་རྟགས་དང་ཀོང་ཀྲོའུ་ཡི་སྤུས་རྟགས་ལ་འཛམ་གླིང་གིས་དོ་ཁུར་བྱེད་པ་དང་ཆབས་ཅིག ཁོང་གིས“ལྷམ་གོག་འགྲོ་ལམ”ཞེས་པའི་རྣམ་གྲངས་ཤིག་བཏོན་ཏེ་ཀྲུང་གོའི་སྤུས་རྟགས་དབྱི་ཐ་ལིའི་ཁྲོམ་རར་འདོན་རྒྱུར་སྐུལ་མ་གཏོང་བ་དང་རོགས་རམ་བྱས་ནས“ཀྲུང་གོའི་ལན་པར”ཁྱབ་གདལ་གཏོང་གི་ཡོད།
ཀྲུང་གོའི་སྒོ་དབྱེའི་ཚད་གཞི་མཐོ་ཤོས་དང་དཔལ་འབྱོར་གསོན་ཤུགས་ཆེ་ཤོས་ཀྱི་ས་ཁོངས་གྲས་ཤིག་ཡིན་པའི་མཚོ་ཁུག་ཆེ་མོར་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་5.6ཙམ་དང་རྒྱུན་སྡོད་མི་འབོར་ཁྲི་8000ལྷག་ཙམ་ཡོད་ལ། དཔལ་འབྱོར་བསྡོམས་འབོར་2018ལོའི་སྒོར་དུང་ཕྱུར་ཁྲི་10ལྷག་ཙམ་ནས་2021ལོའི་སྒོར་དུང་ཕྱུར་ཁྲི་12.6བར་མང་དུ་ཕྱིན་ཡོད། “འདི་ནི་ཧ་ལས་དགོས་པའི་གྲུབ་འབྲས་ཤིག་མ་རེད་དམ” ཀྲུང་གོའི་ཁྲོམ་རར་ལོ་མང་འབད་བརྩོན་བྱས་པ་བརྒྱུད་པཱ་ཐེས་ཁུག་ཆེན་ཁུལ་འཕེལ་རྒྱས་དང་སྟོབས་ཆེར་སོང་བའི་ལོ་རྒྱུས་བརྒྱུད་མྱོང་ཡོད། ཁོང་གིས“ཁུག་ཆེན་ཁུལ་གྱི་གྲུབ་འབྲས་ནི་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་རླབས་ཆེའི་ལག་ལེན་ལས་བྱུང་བ་ཞིག་རེད། ཀྲུང་གོ་སྲིད་གཞུང་གིས་བཏོན་པའི་སྲིད་ཇུས་ཀྱིས་གཉེར་སྐྱོང་ཚོང་པར་སྟབས་བདེ་བསྐྲུན་པ་དང་ཁེ་ལས་འཕེལ་རྒྱས་ལ་གསོན་ཤུགས་བསྣན་ཡོད། མིག་སྔར་ཁུག་ཆེན་ཁུལ་གྱི་འཛུགས་སྐྲུན་ཉིན་བཞིན་འཐུས་ཚང་དུ་འགྲོ་བཞིན་ཡོད། ཀོང་ཀྲོའུ་ཡི་ཧོང་ཕུའུ་ཆུས་དང་ནན་ཧྲ་ཆུས་ཀྱི་འཕེལ་རྒྱས་ནི་མཚོན་ཚུལ་ཞིག་རེད། འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་དག་གིས་ས་གནས་དེ་གའི་མི་སེར་ལ་ཕན་པ་ཏན་ཏིག་བསྐྲུན་པ་མ་ཟད། ཕྱི་རྒྱལ་གྱི་ལས་གཏོད་པར་ཡང་ཕན་པ་ཆེན་པོ་ཐོབ་ཡོད”ཅེས་བརྗོད་པ་རེད།