དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • རིམས་ནད་དང་འབྲེལ་བའི་དངོས་ཟོག་དྲ་ཐོག་ནས་ཉོ་ཚོང་བྱེད་པའི་སྒྲིག་ལམ་ཚད་ལྡན་དུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-12-12

    རིམས་འགོག་སྨན་རྫས་དང་། ཁ་རས། འགོག་རྫས་བརྟག་ཆས་་སོགས་རིམས་འགོག་དངོས་རྫས་དང་། འབྲུ་རིགས་དང་། སྔོ་ཚལ། ཤ་སྒོང་འོ་མ། ཟས་སོགས་འཚོ་བའི་མཁོ་ཆས་དྲ་ཐོག་ནས་ཉོ་ཚོང་བྱེད་པའི་སྒྲིག་ལམ་སྲུང་སྐྱོང་བྱ་ཆེད། ཉེ་ཆར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་རིམས་ནད་དང་འབྲེལ་བའི་དངོས་ཟོག་དྲ་ཐོག་ནས་ཉོ་ཚོང་བྱེད་པའི་སྒྲིག་ལམ་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་ལས་ཀའི་དྲན་སྐུལ་ཁྱབ་བསྒྲགས་བྱས་ནས། དྲ་སྦྲེལ་ལས་སྟེགས་ཁེ་ལས་ཀྱིས་ཁྲོམ་ར་ལྟ་འདོམས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་བླང་བྱ་གཞིར་བཟུང་། “འགན་འཁྲི་བརྒྱད”དོན་འཁྱོལ་ནན་པོ་བྱས་ཏེ་ཁྲིམས་ལྟར་གཉེར་སྐྱོང་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    དྲན་སྐུལ་ནང་བླང་བྱ་བཏོན་དོན། དྲ་སྦྲེལ་ལས་སྟེགས་ཁེ་ལས་ཀྱིས་ལས་སྟེགས་ཀྱི་གཉེར་སྐྱོང་བ་དང་དེའི་གཉེར་སྐྱོང་བྱེད་སྒོར་ཞིབ་བཤེར་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས། རིམས་ནད་དང་འབྲེལ་བའི་དངོས་རྫས་མཁོ་སྤྲོད་འགན་ལེན་གྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་། འཆར་འགོད་དང་སྔོན་ཇུས་ཡག་པོ་བཟོ་བ། རིམས་ནད་དང་འབྲེལ་བའི་དངོས་རྫས་རྒྱུན་གཏན་ཉོ་སྒྲུབ་དང་མཁོ་སྤྲོད་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། མཛོད་དུ་ཉར་ཚད་མང་དུ་འོས་འཚམ་གཏོང་བ། དངོས་ཟོག་གྲ་སྒྲིག་དང་ཁ་གསབ། མཛོད་འཇུག་བཀོད་གཏོང་། ཟོག་འགྲེམས་སྡེབ་སྐྱེལ་བཅས་ལ་ཤུགས་སྣོན། རིམས་འགོག་དངོས་རྫས་དང་གཞི་རྩའི་འཚོ་བའི་མཁོ་ཆས་མཁོ་སྤྲོད་འགན་ལེན་བཅས་བྱས་ཏེ་མཁོ་སྤྲོད་མི་ཆད་པའི་འགན་ལེན་བྱེད་དགོས། མངགས་ཐོ་རང་དགར་མེད་པར་བཟོ་མི་ཆོག་པ་དང་། ཚོང་ཟོག་རང་དགར་བརྗེ་པོ་མི་རྒྱག་པ། སྡེབ་སྐྱེལ་བྱེད་མཚམས་མི་འཇོག་པ་བཅས་བྱས་ནས་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་དང་ཤར་གཏོང་ལ་རམ་འདེགས་བྱེད་དགོས།

    དྲན་སྐུལ་ནང་དེ་དང་ཆབས་ཅིག་བླང་བྱ་བཏོན་དོན། དྲ་སྦྲེལ་ལས་སྟེགས་ཁེ་ལས་ཀྱིས་འཛད་སྤྱོད་པར་རིན་གོང་ལུགས་མཐུན་གྱི་ཚོང་ཟོག་དང་ཞབས་འདེགས་ཞུ་དགོས་པ་ལས། ཟོག་གོང་ཧམ་སྤོར་དང་། འབེལ་ཉོ་དཀོན་ཚོང་རིན་གོང་སྤོར་བའི་ཆ་འཕྲིན་རྫུན་བཟོ་དང་ཁྱབ་སྤེལ་བཅས་བྱས་ནས། ཚོང་ཟོག་དང་ཞབས་ཞུའི་རིན་གོང་མགྱོགས་མྱུར་འཕར་བའི་གནས་ཚུལ་མི་ཐོན་གཏན་འགོག་བྱེད་དགོས། འབྲེལ་ཡོད་བླང་བྱར་ནན་པོར་གཞིགས་ནས་བྲིན་ཚོང་བྱེད་པའི་ཚོང་ཟོག་ལ་དུག་སེལ་དང་། ཞིབ་དཔྱད་ཚད་ལེན། གསོག་འཇོག སྐྱེལ་འདྲེན་བཅས་བྱེད་པ་དང་འབྲེལ། བྱེད་ཐབས་སྤྱད་དེ་ཟོག་འགྲེམས་སྐྱེལ་འདྲེན་གྱི་ཚོང་ཟོག་དང་ལྷག་པར་དུ་བཟའ་བཅའ་སོས་པའི་བདེ་འཇགས་དང་སྤུས་ཚད་འགན་ལེན་བྱེད་དགོས། འཛད་སྤྱོད་པའི་གནས་ཚུལ་ཤེས་དབང་དང་གདམ་གའི་དབང་ཆ་འགན་ལེན་བྱེད་དགོས་པ་ལས། ཚོང་ཟོག་གི་འབྱུང་ཁུངས་དང་། ནུས་པ། སྤུས་ཚད། བྲིན་ཚོང་སོགས་རྫུན་བཟོའམ་ཡང་ན་གཞན་རྨོངས་སུ་འཇུག་པའི་ཚོང་ལས་དྲིལ་བསྒྲགས་བྱ་མི་ཆོག་ལ་བརྡ་ཆ་རྫུན་མའང་སྤེལ་མི་ཆོག གནས་སྐབས་དཀོན་པ་དང་ཟོག་འགྲེམས་སྡེབ་སྐྱེལ་བྱེད་དཀའ་བ་སོགས་ཀྱིས་རྐྱེན་པས་ཁ་ཆད་ལྟར་རྩིས་སྤྲོད་བྱེད་མི་ཐུབ་ཚེ་དུས་ཐོག་ཏུ་འཛད་སྤྱོད་པར་གསལ་བཤད་བྱེད་པ་དང་འབྲེལ། གྲོན་དངུལ་ཕྱིར་སློག་དང་། ཚོང་ཟོག་བརྗེ་བ། རིན་གོང་གསབ་པ་སོགས་བྱེད་དུ་བཅུག་ནས་འཛད་སྤྱོད་པའི་ཁེ་དབང་འགན་ལེན་ཏན་ཏིག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།