ཉེ་ཆར། 《དཔྱད་གཞིའི་གསར་འགྱུར》ཐོག་ཁེན་ནི་ཡའི《མི་རིགས་ཉིན་རེའི་ཚགས་པར》གྱི་དྲ་ཚིགས་ཐོག་སྤེལ་བའི《ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”གིས་ཨ་ཧྥེ་རི་ཁར་ཕན་པ་མ་གཏོགས་མེད》ཅེས་པའི་གསར་འགྱུར་བཀོད་ཅིང་། རྩོམ་ཡིག་གནད་བསྡུས་གཤམ་གསལ།
2013ལོར་ཀྲུང་གོས་བསྔགས་བརྗོད་རྒྱ་ཁྱབ་ཐོབ་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་ནས་ཞི་བདེ་དང་འཕེལ་རྒྱས་དེ་རྒྱལ་སྤྱིའི་མཉམ་ལས་ཀྱི་ལྟེ་བར་བཞག་ཡོད། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བརྒྱུད་ཨ་ཧྥེ་རི་ཁ་སྐམ་ས་ཆེ་མོར་མ་འཇོག་འབོར་ཆེན་ཐོབ་པ་དང་། གྲུ་ཁ་དང་། ལྕགས་ལམ། གཞུང་ལམ། གློག་འཕྲིན། ནུས་རྒྱུའི་སྒྲིག་བཀོད་སོགས་རྨང་གཞིའི་སྒྲིག་བཀོད་ཀྱང་རིམ་སྤོར་བྱུང་ཡོད།
ཁེན་ནི་ཡ་ནི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་ལེགས་ཆ་དང་མི་མངོན་པའི་སྟོབས་ཤུགས་སྤྱོད་མཁས་ཤོས་ཀྱི་རྒྱལ་ཁབ་གྲས་ཤིག་རེད།
གྲོས་འགོ་དེ་བརྒྱུད་ཁེན་ནི་ཡས་ལྕགས་ལམ་རྣམ་གྲངས་ཁག་གཅིག་ལག་བསྟར་བྱས་ཡོད་པ་དཔེར་ན། མོང་པ་ས་ནས་ནེ་རོ་པི་བར་གྱི་ཚད་ལྡན་ལྕགས་ལམ་ལྟ་བུ་དང་། རྣམ་གྲངས་གཞན་དག་གྲས་སུ་ནེ་རོ་པིའི་མྱུར་བགྲོད་གཞུང་ལམ་དང་། ལ་མུའུ་གྲུ་ཁ། ནེ་རོ་པིའི་གྲོང་སྐོར་ཤར་ལམ། ཁུང་ཀྲའི་ཚན་རྩལ་གྲོང་སོགས་ཚུད་ཡོད་པ་རེད།
རྣམ་གྲངས་དེ་དག་ལས་ནེ་རོ་པི་ས་ཁུལ་གྱི་འགྲིམ་འགྲུལ་ལྟེ་གནས་ཡིན་པའི་གནས་བབ་མཐོ་རུ་ཤུགས་ཆེན་ཕྱིན་པ་དང་དེའི་ཁྲོད་མོང་ནེ་ལྕགས་ལམ་དུ་དངོས་ཟོག་དང་འགྲུལ་པ་ཉིན་2000བསྟུད་མར་བདེ་འཇགས་དང་ནུས་ཆེའི་ངང་སྐྱེལ་འདྲེན་བྱས་ཡོད།
མིག་སྔའི་བར་མོང་ནེ་ལྕགས་ལམ་དུ་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་878ལས་བརྒལ་བ་དང་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་2269ཟིན་ཡོད་པ་རེད།
ཚོང་དོན་ཐད་མིག་སྔར་ཀྲུང་གོ་ནི་ཁེན་ནི་ཡའི་ཚོང་དོན་རོགས་ཟླ་ཆེ་ཤོས་དེ་ཡིན་པ་དང་། ནེ་རོ་པི་དང་པེ་ཅིང་དབར་ཞིང་ལས་ཕྱིར་གཏོང་ལ་སྐུལ་མ་གཏོང་བའི་གྲོས་མཐུན་རབ་དང་རིམ་པ་བཞག་པ་དང་། ཉེ་ཆར་ཁེན་ནི་ཡ་སླར་ཡང་ཀྲུང་གོར་ཉིའུ་ཡིའུ་གོ་སོས་པ་ཕྱིར་གཏོང་བྱེད་མཁན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཐོག་མར་གྱུར་ཡོད། ཀྲུང་གོས་མུ་མཐུད་འཛམ་གླིང་གི་ས་ཁུལ་གཞན་དག་ལ་སྒོ་མོ་ཕྱེ་བ་དང་བསྟུན་ནས་སྔོན་དཔག་བྱས་ན་ཨ་ཧྥེ་རི་ཁའི་ཐོན་རྫས་དེ་བས་མང་བ་ཡངས་ཤིང་རྒྱ་ཆེ་བའི་ཀྲུང་གོའི་ཁྲོམ་རར་བཏོན་ཐུབ་རྒྱུ་རེད།
“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་རིག་གནས་སྤེལ་རེས་རྣམ་གྲངས་ནང་ཁེན་ནི་ཡའི་ན་གཞོན་མང་པོ་ཞིག་ཀྲུང་གོའི་མཐོ་རིམ་སློབ་གསོ་དང་ལེན་བྱེད་པར་ཡོང་ཡོད།
ལྷོ་ཨ་ཧྥེ་རི་ཁའི་དབྱི་ཆི་ཁོ་ཝུའེ་ཚེ་ཐེབས་རྩ་ལྷན་ཚོགས་ཀྱིས་འདི་ལོའི་ཟླ་དྲུག་པར་ཨ་ཧྥེ་རི་ཁའི་གཞོན་ནུར་བརྟག་དཔྱད་བྱས་པ་ལས་མངོན་པར། ན་གཞོན་76%གིས་ཀྲུང་གོའི་ཤུགས་རྐྱེན་ཐེབས་ཤུགས་ནི་དགེ་མཚན་ལྡན་པ་ཞིག་ཡིན་པའི་ངོས་འཛིན་བྱེད་པ་དང་77%གྱིས་ཀྲུང་གོ་ནི་ཨ་ཧྥེ་རི་ཁར་ཤུགས་རྐྱེན་ཐེབས་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།