ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་3ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྤྱིའི་དང་བླངས་པའི་ཉིན་མོ་ཐེངས་37པ་འཆར་ལ་ཉེ་བའི་སྐབས་སུ། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བརྡ་ཐོ་བཏང་ནས“བུད་མེད་དང་བླངས་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས ལག་བསྟར་བཅས་བྱེད”པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་དང་། རིམ་པ་དྲུག་གི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལག་བསྟར་ཨུ་ཡོན། གསུམ་བརྒྱད་དར་དམར་བ། བུད་མེད་ཀྱི་བྱས་རྗེས་འཇོག་མཁན་དཔེ་དམག བཟང་པོ་ལྔ་ལྡན་གྱི་ཁྱིམ་ཚང་སོགས་བུད་མེད་དང་བླངས་པ་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་དེ་དྲིལ་བསྒྲགས་སྒྲོག་འགྲེལ་བྱས་ནས་བུད་མེད་ཀྱི་དང་བླངས་ཞབས་འདེགས་ཞུས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་དང་བླངས་པ་སྒྲིག་འཛུགས་བྱས་ཏེ་ཡུལ་བབ་དང་བསྟུན་ནས་དམིགས་བསལ་དཀའ་ངལ་ཡོད་པའི་བུད་མེད་ལ་འཚམས་འདྲི་དང་། སྡེ་ཁུལ་གྱི་རྒན་རྒོན་དང་བྱིས་པ་ལས་མེད་པའི་ཁྱིམ་ཚང་ལ་གཅེས་སྐྱོང་དང་འཚམས་འདྲི། བུད་མེད་མང་ཚོགས་ཀྱི་བསམ་འདུན་ཆུང་ངུ་སྒྲུབ་རོགས། ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་གི་སྡེ་ཁུལ་གྱི་འཆད་ཁྲིད་སྤེལ་བ། ས་གནས་ས་ཐོག་ཏུ་བཅའ་ཁྲིམས་དྲིལ་བསྒྲགས་དང་བློ་འདྲི་སོགས་བུད་མེད་ལ་དོ་ཁུར་བྱེད་པའི་ཞབས་འདེགས་ཞུས་ནས་བུད་མེད་མང་ཚོགས་ཀྱི་སུན་སྣང་བྱེད་ས་དང་། སེམས་ཁྲལ་བྱེད་ས། སེམས་ནད་ཆེ་ས་སོགས་ཐག་གཅོད་བྱེད་རོགས་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱ་རྒྱུ་དེ་བུད་མེད་མང་ཚོགས་ཀྱིས་དོན་དངོས་སྒྲུབ་པའི་གསོན་ཉམས་ལྡན་པའི་ལག་ལེན་དུ་འགྱུར་བ་བྱས་ཏེ་ཏང་གི་ཐུགས་ཁུར་དང་དྲོ་སྐྱིད་བུད་མེད་མང་ཚོགས་ཀྱིས་ཚོར་ཐུབ་པར་བྱས་པ་རེད།
རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་འཇིག་རྟེན་འཕུར་སྐྱོད་རུ་ཆེན་གྱི་དམིགས་བསལ་རིམ་པའི་འཇིག་རྟེན་འཕུར་སྐྱོད་པ་ལིའུ་དབྱང་གིས་ཀྲུང་གོའི་བར་སྣང་ས་ཚིགས་སུ་བུད་མེད་དང་བླངས་པའི་མིང་ཐོག་ནས་གྲོས་འགོ་བཏོན་དོན། དང་བླངས་ཀྱི་སྙིང་སྟོབས་དང་ལེ་ཧྥུང་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་བུད་མེད་ཀྱི་དང་བླངས་གཅེས་སྐྱོང་བྱ་སྤྱོད་ནང་ཧུར་ཐག་ཞུགས་ཏེ་རླབས་ཆེན་བྱ་གཞག་གི་འཛུགས་སྐྲུན་པ་དང་། ཤེས་དཔལ་དར་སྲོལ་གྱི་དར་སྤེལ་བ། ཕུགས་འདུན་དོན་གཉེར་བྱེད་ཕོད་པའི་འབད་འཐབ་པ་བཅས་བྱས་ནས་དུས་རབས་གསར་པའི་བུད་མེད་དང་བླངས་ཞབས་ཞུའི་དེ་བས་མཛེས་སྡུག་ལྡན་པའི་ལེའུ་ཞིག་རྩོམ་དགོས།