ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཚེས་17ཉིན་གྱི་དགོང་མོར2022ལོའི་འཛམ་གླིང་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པའི་མཇུག་འགྲིལ་མཛད་སྒོ་ཨ་རིའི་ཡ་ལ་པ་མཱ་ཀྲོའུ་ཡི་པོ་མིང་ཧན་གྲོང་ཁྱེར་གྱི“ཚེ་སྲོག་སྲུང་སྐྱོང”ལུས་རྩལ་ཐང་དུ་འཚོགས་པ་རེད། ཁྲེང་ཏུའུ་ཡི་འཐུས་མི་ཚོགས་པའི་ཚོགས་གཙོ་དབྱང་ཧྲེན་ཝེ་ཡིས་ཁྲེང་ཏུའུ་ཡི་ཚབ་བྱས་ནས་རྒྱལ་སྤྱིའི་འཛམ་གླིང་ལུས་རྩལ་འགྲན་ཚོགས་མཐུན་ཚོགས་ཀྱི་ཚོགས་དར་བླངས་པ་དང་སྦྲགས་འཛམ་གླིང་ལུས་རྩལ་འགྲན་ཚོགས་དེ“ཁྲེང་ཏུའུ་ཡི་དུས་ཚོད”ལ་དངོས་སུ་སླེབས་པ་མཚོན་ཡོད།
མཇུག་འགྲིལ་མཛད་སྒོའི་ཚོགས་དར་ལེན་པའི་ལྷུ་ཚིགས་སུ་རྒྱལ་སྤྱིའི་འཛམ་གླིང་ལུས་རྩལ་འགྲན་ཚོགས་མཐུན་ཚོགས་ཀྱི་ཚོགས་དར་དེ་ཨ་རིའི་པོ་མིང་ཧན་གྱིས་ཀྲུང་གོའི་ཁྲེང་ཏུའུ་ཡི་འཐུས་མིར་སྤྲད་པ་དང་། དེ་རྗེས་ཁྲེང་ཏུའུ་འདི་ཉིད་འཛམ་གླིང་ལུས་རྩལ་འགྲན་ཚོགས་སྐབས་རྗེས་མ་གཉེར་ཡུལ་གྱི་གྲོང་ཁྱེར་དུ་གྱུར་ནས“ཁྲེང་ཏུའུ་ཡི་དུས་ཚོད”ལ་སླེབས་པའི་ངོ་མཚར་ཆེ་བའི་འགྲེམས་འཁྲབ་ཀྱི་བྱེད་སྒོ་ཆེན་པོ་ཞིག་སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འཛམ་གླིང་ལུས་རྩལ་འགྲན་ཚོགས་ནི་རྒྱལ་སྤྱིའི་འཛམ་གླིང་ལུས་རྩལ་འགྲན་ཚོགས་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་ཤིག་ཡིན་པ་དང་། རྩལ་འགྲན་རྣམ་གྲངས་དེ་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་མིན་པ་གཙོ་བོར་བྱས་ཏེ་ལོ་བཞི་རེར་ཐེངས་རེ་གཉེར་བ་དང་། ཨོ་རྩལ་འགྲན་ཚོགས་སྐབས་རེ་མཇུག་འགྲིལ་རྗེས་ཀྱི་ལོ་རྗེས་མར་འཚོག་གི་ཡོད། འཛམ་གླིང་ལུས་རྩལ་འགྲན་ཚོགས་ཀྱིས་རང་ཉིད་ངོམ་པ་དང་རྩལ་ནུས་རང་དགར་འདོན་རྒྱུ་འདུ་ཤེས་སུ་བྱས་ནས་ལུས་རྩལ་གྱི་རྣམ་པ་ཉམས་སུ་མྱོང་བ་དང་འཚོ་བ་སྐྱེལ་སྟངས་བརྒྱུད་སྤེལ་བྱེད་རྒྱུ་གཙོ་བོར་ནན་བཤད་བྱེད་ཀྱི་ཡོད།
2019ལོའི་ཟླ་5ཚེས་9ཉིན་ཨོ་སི་ཁྲུ་ལི་ཡའི་ཧོང་ཅིན་མཚོ་འགྲམ་གྲོང་ཁྱེར་དུ་འཚོགས་པའི་རྒྱལ་སྤྱིའི་འཛམ་གླིང་ལུས་རྩལ་འགྲན་ཚོགས་མཐུན་ཚོགས་ཀྱི་2019ལོའི་ཚང་འཛོམས་གྲོས་ཚོགས་ཐོག་ཁྲེང་ཏུའུ་ལ་2025ལོའི་འཛམ་གླིང་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་གཉེར་དབང་ཐོབ་པ་རེད།
དེ་སྔོན་རྒྱལ་སྤྱིའི་འཛམ་གླིང་ལུས་རྩལ་འགྲན་ཚོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཧོ་སའེ·ཕེ་ལུའུ་ལེ་ན་ཁྲེང་ཏུའུ་གྲོང་ཁྱེར་ལ་རྟོག་ཞིབ་གནང་སྐབས། ཁྲེང་ཏུའུ་ཡི་གྲོང་ཁྱེར་གྱི་ཁོར་ཡུག་དང་། སྔོ་འགྱུར། ཁོར་ཡུག་སྲུང་སྐྱོང་བཅས་ཀྱིས་ཁོང་ལ་བག་ཆགས་ཟབ་མོ་བཞག་ཡོད་ལ། ཐ་ན་ཁྲེང་ཏུའུ་ནི་ཁོང་གི“དགའ་ཤོས་བྱེད་པའི་གྲོང་ཁྱེར”ཡིན་པའི་ངོས་འཛིན་བྱས་པ་མ་ཟད། ཁོང་གིས་ཁྲེང་ཏུའུ་ཡིས་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཡག་ཤོས་གཉེར་ཐུབ་ངེས་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད།