ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་7ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་14དང་ཚེས་15ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གིས་བོད་ལྗོངས་ཉིང་ཁྲི་དང་མཚོ་སྔོན་ཡུལ་ཤུལ་དུ་བརྟག་ཞིབ་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་དང་། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྔོ་ལྗང་འཕེལ་རྒྱས་ཀྱི་ལམ་དུ་སྐྱོད་པ། འདུ་འགོད་གལ་ཆེན་འཛུགས་སྐྲུན་དང་སྐྱེ་ཁམས་སྲུང་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཧན་ཀྲེང་གིས་ཁྲོན་བོད་ལྕགས་ལམ་གསེར་སྐྱེམས་ལའི་ཕུག་ལམ་གྱི་ཐོན་སྒོའི་ལས་ཡུལ་དུ་ཕེབས་ནས་འགྲེམས་པང་ནས་ལས་གྲྭ་འཛུགས་སྐྲུན་གྱི་སྤྱིའི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། ཕུག་ལམ་གྱི་ལས་ཡུལ་དུ་ཕེབས་ཏེ་ཨར་ལས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་ཞིང་། ཉང་ཆུའི་བྱེ་རྡོ་ལས་སྣོན་ར་བར་ཕེབས་ནས་ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོང་གི་བཟོ་རྩལ་མཁྱེན་རྟོགས་གནང་བ་རེད། ཧན་ཀྲེང་གིས་ཁྲོན་བོད་ལྕགས་ལམ་སྐྲུན་པ་ནི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་དང་། ནུབ་རྒྱུད་ས་ཁུལ་དང་ལྷག་པར་དུ་ཁྲོན་བོད་ཞིང་ལྗོངས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན་ཡོད། རྣམ་གྲངས་འཛུགས་སྐྲུན་བྱེད་རིང་སྤུས་ཚད་གཙོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ལས་གྲྭའི་སྤུས་ཚད་དང་བདེ་འཇགས་འགན་ལེན་བྱེད་དགོས། རང་རྒྱལ་ནས་ཐོན་པའི་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཨར་སྐྲུན་རང་འགུལ་ཅན་དང་འཕྲུལ་ཆས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོང་གི་ཨར་སྐྲུན་རྒྱུ་ཆ་སྔར་ལས་མང་བ་ཐོན་སྐྱེད་དང་བེད་སྤྱོད་བྱེད་དགོས་ཞེས་གསུངས་པ་རེད། ཧན་ཀྲེང་གིས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་དུ་ཕེབས་ཏེ་བོད་ཀྱི་ནུས་རྒྱུ་གཙང་མ་འཕེལ་རྒྱས་དང་ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་གྱི་གཙོ་གནད་ལས་གྲྭའི་འཆར་འགོད་འཛུགས་སྐྲུན་གནས་ཚུལ་སྐོར་གྱི་སྙན་སེང་གསན་ཞིང་། ཁོང་གིས་ཆུའི་ཐོན་ཁུངས་ལུགས་མཐུན་ངང་གསར་སྤེལ་བེད་སྤྱོད་དང་སྲུང་སྐྱོང་བྱེད་པར་སྤྱི་འདོམས་བྱས་ནས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་སྐྲུན་དགོས། གཙོ་གནད་ལས་གྲྭ་འཛུགས་སྐྲུན་བྱེད་པར་ཚན་རིག་དང་མཐུན་པའི་སྒོ་ནས་རིགས་པས་ཁུངས་སྐྱེལ་བྱ་རྒྱུ་མཐའ་འཁྱོངས་དང་། ས་གཤིས་ཀྱི་གནས་ཚུལ་དང་སྐྱེ་ཁམས་ཁོར་ཡུག་སོགས་རྒྱུ་རྐྱེན་མང་པོར་ཕྱོགས་བསྡུས་བསམ་གཞིག་བྱས་ཏེ་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་ཞེས་གསུངས་པ་རེད།
ཧན་ཀྲེང་གིས་ཡུལ་ཤུལ་ཀྲོའུ་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་སུ་ཕེབས་ཏེ་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་སྤྱིའི་གནས་ཚུལ་དང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གནས་ཚུལ་སྐོར་གྱི་སྙན་སེང་གསན་པ་དང་། རྒྱང་ཁྲིད་བརྙན་ལམ་ལྟ་ཞིབ་ཚད་ལེན་མ་ལག་བརྒྱུད་གཙང་གསུམ་ཆུ་འགོའི་ལྟེ་བའི་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་གི་རྣམ་པ་དངོས་ལ་གཟིགས་ཞིབ་གནང་ནས་གཞི་རིམ་གྱི་ལས་བྱེད་པ་དང་བདག་སྐྱོང་བ་ཚོར་བརྙན་ལམ་བརྒྱུད་ནས་སྤེལ་རེས་གནང་སྟེ་གཞི་རིམ་གྱི་བདག་སྐྱོང་བར་འཚམས་འདྲི་ཞུས་པ་རེད། གཙང་གསུམ་ཆུ་འགོའི་རང་བྱུང་སྲུང་སྐྱོང་དྲན་གསོའི་རྡོ་རིང་ཡོད་སར་ཕེབས་ནས་འབྲི་ཆུའི་ཆུ་ཁོངས་དང་ཉེ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་ལ་ས་གནས་ས་ཐོག་ཏུ་གཟིགས་ཞིབ་གནང་ཞིང་། གཙང་གསུམ་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ལས་དོན་གྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཧན་ཀྲེང་གིས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་གཙང་གསུམ་ཆུ་འགོ་སྲུང་སྐྱོང་བྱེད་པ་དེ་རྒྱལ་ཡོངས་དང་ཕ་ཚ་བུ་རྒྱུད་ལ་ཕན་པ་ཆེན་པོ་ཡོད་པས་མཚོ་སྔོན་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་རང་བྱུང་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་དང་། རང་བྱུང་ཐོན་ཁུངས་སྲུང་སྐྱོང་ཡག་པོ། “ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”སྲུང་སྐྱོང་ཡག་པོ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད། ཧན་ཀྲེང་གིས་མཚོ་སྔོན་རོང་པོ(རྒྱལ་ཁབ་རིམ་པ)རང་བྱུང་སྲུང་སྐྱོང་ཁུལ་དུ་ཕེབས་ནས་ས་གནས་ས་ཐོག་ཏུ་འདམ་ར་དང་ཆུ་ཁོངས་ཀྱི་སྐྱེ་ཁམས་མ་ལག་ཕྱོགས་བསྡུས་བཅོས་སྐྱོང་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལས་དོན་གྱི་ཕན་འབྲས་ལ་གཟིགས་ཞིབ་གནང་བ་མ་ཟད། དོ་དམ་སྲུང་སྐྱོང་ས་ཚིགས་ཀྱི་ལས་དོན་མི་སྣ་དང་སྤེལ་རེས་གནང་སྟེ་རྒྱུན་གཏན་གྱི་ལས་དོན་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཁོང་གིས་འདམ་ར་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། མིའི་རིགས་ཀྱི་བྱེད་སྒོའི་འགལ་རྐྱེན་ཆུང་དུ་གཏོང་བ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།