དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-07-04

    aa7b1b4f-a4fb-4eeb-ab8b-7dbd3028dae5.jpg.jpg

    འདི་ནི་ཤིན་ཅང་ཁ་ཧྲེ་ས་ཁུལ་ཧྲུའུ་ཧྥུའུ་རྫོང་ཐོ་ཁེ་ཀྲ་ཁེ་གྲོང་རྡལ་གྱི་ལྟེ་བའི་སློབ་ཆུང་ཡིན་པ། (2022ལོའི་ཟླ་6ཚེས་10ཉིན་པར་བླངས)

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཤིན་ཅང་གི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། འཐབ་ཇུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཤིན་ཅང་གི་ལས་དོན་ལ་ལྟ་ཞིབ་དང་། འཆར་འགོད། བཀོད་སྒྲིག་བཅས་གནང་བ་མ་ཟད། ཤིན་སྐྱོང་ཆོས་ཉིད་ཀྱི་ངོས་འཛིན་དང་སྟངས་འཛིན་ཟབ་ཏུ་བཏང་བས་དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་གྲུབ་ཡོད། 2020ལོའི་ཟླ་9པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཤིན་ཅང་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་ཐོག དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་ཆ་ཚང་བ་དང་གནད་ལ་འཁེལ་བའི་ངང་ལག་བསྟར་དང་། ཤིན་ཅང་ལས་དོན་གྱི་སྤྱིའི་དམིགས་ཚད་དམ་འཛིན་ནན་པོ། ཁྲིམས་ལྟར་ཤིན་སྐྱོང་དང་། མཐུན་སྒྲིལ་ཤིན་བརྟན། རིག་གནས་ཤིན་འཕེལ། དམངས་ཕྱུག་ཤིན་དར། ཡུན་རིང་ཤིན་སྐྲུན་བཅས་བྱེད་པ། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་འགན་ལེན་དུ་བྱ་རྒྱུར་སྐུལ་འདེད་གཏོང་བ། ཕུགས་འཕེར་གྱི་ཇུས་གཞི་མང་ཙམ་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་མང་ཙམ་སྤྱོད་པ་བཅས་བྱས་ནས་མཐུན་སྒྲིལ་ཞི་མཐུན་དང་། དར་རྒྱས་འབྱོར་ཕྱུག ཤེས་དཔལ་ཡར་ཐོན། བདེ་སྡོད་ལས་བརྩོན། སྐྱེ་ཁམས་བཟང་བ་བཅས་ཀྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཤིན་ཅང་ཧུར་ཐག་སྐྲུན་དགོས་ཞེས་ནན་བཤད་གནང་བ་རེད།

    ཁྲིམས་ལྟར་ཤིན་སྐྱོང་།

    ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་བླང་བྱ་ཤིན་ཅང་ལས་དོན་གྱི་ཁྱབ་ཁོངས་ཁག་ཏུ་དོན་འཁྱོལ་བྱས་པ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཤིན་ཅང་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་ཐོག་ཤིན་ཅང་གི་སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་ཡུན་རིང་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པར་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་དར་ཆ་མཐོན་པོར་སྒྲེང་བ་དང་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་བཏང་སྟེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་བླང་བྱ་ཤིན་ཅང་ལས་དོན་གྱི་ཁྱབ་ཁོངས་ཁག་ཏུ་དོན་འཁྱོལ་བྱེད་དགོས་ཞེས་གསུངས་པ་རེད།

    ཤིན་ཅང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས་ཁྲིམས་ལྟར་ཤིན་སྐྱོང་བྱ་རྒྱུ་དེ་བས་གལ་འགངས་ཆེ་བའི་གནས་བབ་ཐོག་བཞག་སྟེ་ཆུ་ཚད་དེ་བས་མཐོ་བའི་ཁྲིམས་སྐྱོང་ཤིན་ཅང་ཧུར་ཐག་བསྐྲུན་ཡོད།

    ཁྲིམས་ལྟར་བྱ་སྤྱོད་སྤེལ་བ་དང་ཁྲིམས་ལྟར་བཅོས་སྐྱོང་བྱས་ཏེ། མང་ཚོགས་ཀྱིས་གང་ལ་འཁོན་འཛིན་ཆེ་ཤོས་བྱས་ན། དེ་རྡུང་རྡེག་བཏང་ཡོད།

    སྦྱོང་བརྡར་བྱ་ཡུལ་དུ་ཁཱ་ཧྲི་གྲོང་ཁྱེར་ནེ་ཙེར་པ་ཀེ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཚོས་འཇིགས་རྒོལ་གཏུམ་འགོག་གི་ནང་སྦྱོང་བྱེད་བཞིན་འདུག

    2014ལོའི་ཟླ་4པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྦྱོང་བརྡར་བྱེད་སར་ཕེབས་ནས་སྤྱི་བདེ་མི་དམངས་ཉེན་རྟོག་པར་གཟིགས་ཤིང་། “སྤྱི་ཁྱབ་ཧྲུའུ་ཅིས་ངས་ཁྱེད་ཚོའི་གོ་མཚོན་དང་སྦྱོང་བརྡར་ལ་སེམས་ཁུར་ཆེན་པོ་བྱེད་ཀྱི་ཡོད། གཏུམ་སྤྱོད་འཇིགས་སྐུལ་གྱི་ཉེས་གསོག་པར་ཁ་གཏད་གཅོག་པར་ངེས་པར་དུ་བྱེད་ཐབས་ནུས་ལྡན་ཡོད་དགོས། སྦྱོང་བརྡར་བྱ་རྒྱུ་ནི་གལ་འགངས་ཆེ་བ་ཞིག་ཡིན་པས། ངེས་པར་དུ་དངོས་འཐབ་ཅན་གཞིར་བཟུང་མཐའ་འཁྱོངས་བྱེད་དགོས་ཞེས་གསུངས་བྱུང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་འཇིགས་སྐུལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་གི་དམག་སྦྱོང་ནན་པོ་བྱས་པ་བརྒྱུད་ང་ཚོའི་མངགས་གཏོང་ཁང་ལ‘རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་ཡོངས་ཀྱི་དངོས་འཐབ་སྦྱོང་བརྡར་ཆེ་མོའི་དཔེ་དམག་མཉམ་སྡེབ’ལ་བདམས་ཡོད”ཅེས་ནེ་ཙེར་པ་ཀེ་མངགས་གཏོང་ཁང་གི་སུའོ་ཀྲང་ཐའོ་ཡུང་ཧྲེང་གིས་བརྗོད།

    ད་ཕན་ལོ་ཤས་རིང་། ཤིན་ཅང་གིས་ཁྲིམས་ལྟར་ཉེན་ཁ་འགོག་ཟོན་དང་། འགལ་ཟླ་སེལ་བ། ཁེ་དབང་སྲུང་སྐྱོང་བཅས་བྱས་ནས་མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་བཅས་ཀྱི་དེང་རབས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གསར་པ་མགྱོགས་མྱུར་གྲུབ་ཡོད། 2021ལོར་ལྗོངས་ཡོངས་སུ་མི་དམངས་འདུམ་འགྲིག་གི་གྱོད་གཞི་ཁྲི་17.4བདག་སྤྲོད་བྱས་པས་འདུམ་འགྲིག་ཐུབ་ཚད་99.43%ཟིན་པ་དང་། འགལ་ཟླ་དང་རྩོད་གཞི་ཁྲི་14.6གྲལ་བཤེར་བྱས་པས་འགལ་ཟླ་དང་རྩོད་གཞིའི་གྱོད་གཞི་ཁྲི་2.2སྔོན་འགོག་ཐུབ་ཡོད།

    མཐུན་སྒྲིལ་ཤིན་བརྟན།

    མི་རིགས་ཁག་གི་མང་ཚོགས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བར་སྐུལ་འདེད་བཏང་བ།

    2014ལོར་ཤིན་ཅང་དུ་རྟོག་ཞིབ་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་རིགས་མཐུན་སྒྲིལ་ནི་འཕེལ་རྒྱས་དང་ཡར་ཐོན་གྱི་རྨང་རྡོ་ལྟ་བུ་ཡིན” “ཤིན་ཅང་གི་དཀའ་ཚེགས་ཆེ་ཤོས་དང་ཕུགས་ཀྱི་དོན་དེ་སྔར་བཞིན་མི་རིགས་མཐུན་སྒྲིལ་གྱི་གནད་དོན་དེ་ཡིན”ཞེས་ནན་བཤད་ཡང་ཡང་གནང་བ་རེད། ཀྲུང་དབྱང་གི་ཤིན་ཅང་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས”ཀྱི་ཆོད་གཏམ་གལ་ཆེན་གསལ་སྟོན་གནང་ཡོད། (པར་ངོས་གཉིས་པར་གཟིགས) (པར་ངོས་དང་པོར་མཐུད)

    2014ལོའི་ཟླ་4པར་ཐུའོ་ཁེ་ཀྲ་ཁེ་གྲོང་རྡལ་ལྟེ་བའི་སློབ་ཆུང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དགེ་རྒན་ཚོར“གྲངས་ཉུང་མི་རིགས་ཀྱི་ཕྲུ་གུའི་སྐད་ཡིག་གཉིས་ཀྱི་སློབ་གསོར་དམ་འཛིན་ཡག་པོ་བྱེད་དགོས”ཞེས་མངགས་བཅོལ་གནང་བ་རེད།

    “ང་ཚོ་ནི་ཁཱ་ཧྲེ་ས་ཁུལ་དུ་སློབ་ཆུང་ལོ་རིམ་དང་པོ་ནས་དྲུག་པའི་བར་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་སློབ་ཁྲིད་ཁྱབ་པའི་གྲོང་གསེབ་ཀྱི་སློབ་གྲྭ་ཞིག་ཡིན། ལོ་དེ་དག་ནང་མི་རིགས་ཁག་གི་མང་ཚོགས་ཚོས་ཕྲུ་གུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་དུ་འཇུག་པའི་ཧུར་སེམས་ཆེ་རུ་ཕྱིན་འདུག”ཅེས་ཐུའོ་ཁེ་ཀྲ་ཁེ་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་ཏང་ཀྲི་པུའི་ཧྲུའུ་ཅི་ཡའོ་ཧུང་ཡུས་ཀྱིས་བརྗོད།

    ཤིན་ཅང་གིས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་མི་རིགས་ཁག་དབར་སྐད་ཡིག་ཕན་ཚུན་སློབ་སྦྱོང་བྱ་རྒྱུ་དར་སྤེལ་དང་ལྕག་སྐུལ་བྱས་ནས་མི་རིགས་ཁག་དབར་སྐད་ཡིག་གོ་བརྡ་འཕྲོད་པ་དང་གཅིག་སེམས་གཅིག་སྦྲེལ་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་འཐུས་མིར་བདམས་མ་ཐག་པའི་སྐབས་ཚེ་ལེ་རྫོང་པཱ་ཤིས་ཡུས་ཅི་མའེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་མའེ་མའེ་ཐེ་དབྱི་པུའུ་རེ་དབྱི་མུའུ·མའེ་མའེ་ཐེ་མིང་གིས་ད་དུང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཤེས་ཀྱི་མེད། འོན་ཀྱང་སྙིང་རུས་ཆེན་པོས་སྤྱི་སྐད་ཧུར་ཐག་སྦྱངས་པས། ད་ཆ་སྤྱི་སྐད་བདེ་པོ་ཞིག་རྒྱག་ཤེས་ཀྱི་ཡོད།

    ཤིན་ཅང་གིས“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”དང་མི་རིགས་མཐུན་སྒྲིལ་གྱི་མཐུན་འབྲེལ་ལྷན་ཚོགས་བྱེད་སྒོ་མུ་མཐུད་གཏིང་ཟབ་སྤེལ་ཞིང་། ད་བར་ལྗོངས་ཡོངས་ཀྱི་ལས་བྱེད་ལས་བཟོ་ཁྲི་120ལྷག་ཙམ་གྱིས་མི་རིགས་ཁག་གི་མང་ཚོགས་དུད་ཚང་ཁྲི་160ལྷག་ཙམ་དང་ཆ་སྒྲིག་གཉེན་འཚོལ་བྱས་ནས་བྱ་བ་དངོས་དང་བྱ་བ་བཟང་པོ་ཁྲི་2400ལྷག་ཙམ་བསྒྲུབས་ཡོད། དེ་དང་ཆབས་ཅིག“དམངས་དོན་འདྲི་བ་དང་། དམངས་ལ་ཕན་འདོགས་པ། དམངས་སེམས་གཅིག་སྒྲིལ”བཅས་ཀྱི་གྲོང་སྡོད་ལས་དོན་གཏིང་ཟབ་སྤེལ་ནས་ལོ་ལྟར་ལས་བྱེད་པ་ཁྲི་7ལྷག་ཙམ་གཞི་རིམ་གྱི་གྲོང་གསེབ་སྡེ་ཁུལ་དུ་བསྐྱོད་དེ་མང་ཚོགས་ཀྱི་བསམ་འཆར་ཉན་པ་དང་། དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱེད་པ། གཞི་རིམ་རྩ་འཛུགས་སྟོབས་ཆེར་གཏོང་བ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཡོད།

    2017ལོའི་ཟླ་1ཚེས་11ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁུར་པན·ཐུའུ་ལུའུ་མུའུ་ཡི་བུ་མོ་རྒན་པ་ཐུའོ་ཧུའུ་ཐི་ཧན·ཁུར་པན་ལ་སྤྲིངས་པའི་འཕྲིན་ལན་ནང“ཁྱེད་ཚོའི་ནང་མི་ཚང་མས་ཨ་ཁུ་ཁུར་པན་དང་འདྲ་བར་ཡུལ་མི་ཚོ་དང་མཉམ་དུ་ཏང་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེ་མོར་དགའ་ཞེན་བཅས་ཀྱི་དཔེ་བཟང་བ་ཞིག་བྱས་ནས་མི་རིགས་ཁག་གི་མང་ཚོགས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་ཏེ་ཏང་གི་འགོ་ཁྲིད་འོག་དེ་བས་མཛེས་སྡུག་ལྡན་པའི་ཤིན་ཅང་གི་འབྱུང་འགྱུར་མཉམ་དུ་བསྐྲུན་རྒྱུའི་རེ་བ་ཡོད”ཅེས་གསུངས་པ་རེད།

    རིག་གནས་ཤིན་འཕེལ།

    མི་རིགས་ཁག་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་པ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་མི་རིགས་ཁག་གིས་ཀྲུང་ཧྭའི་རིག་གནས་ལ་བཅངས་པའི་མོས་སེམས་སྐྱེད་སྲིང་བྱེད་པར་ཚད་མཐོའི་མཐོང་ཆེན་གནང་ནས“ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེ་མོར་ཤུགས་སྣོན་རྒྱག་པའི་ཕུགས་དང་རྩ་བ་ནི་རིག་གནས་ཀྱི་མོས་སེམས་ཆེ་རུ་གཏོང་བ་དང་མི་རིགས་ཁག་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྐྱེད་སྲིང་ཧུར་ཐག་བྱ་རྒྱུ་དེ་ཡིན”ཞེས་གསུངས་པ་རེད།

    ཨ་ཁེ་སུའུ་ས་ཁུལ་ཝུའུ་ཧྲི་རྫོང་དབྱི་མཱ་མུའུ་གྲོང་རྡལ་གྱི་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་སློབ་ཆུང་དུ་སྐྱོད་སྐབས《གསུང་སྒྲོས》དང《སློབ་མའི་ལུགས》སོགས་གསུང་རབ་ཀློག་པའི་སྒྲ་ལྷང་ལྷང་དུ་གྲགས་ཤིང་། “ངའི་འགན་འཁྲི་ནི་སློབ་གྲྭ་ཞིག་ཁོ་ན་གཉེར་རྒྱུ་དེ་མ་ཡིན་པར། ད་དུང་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ཕྲུ་གུ་ཚོས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གང་མང་ཤེས་རྟོགས་དང་ངོས་འཛིན་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་སློབ་སྤྱི་ཁུར་པན·ཉི་ཡ་ཙེ་ཡིས་བརྗོད།

    2003ལོར་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་སློབ་ཆུང་བཙུགས་པ་ནས་བཟུང་ཁུར་པན·ཉི་ཡ་ཙེས་ཆེད་ལས་དགེ་རྒན་གདན་ཞུ་བྱས་ཏེ་པེ་ཅིང་གི་ཁྲང་ཞི་དང་། བརྒྱངས་དཀྲོལ་རོལ་དབྱངས། པི་ཝང་རྒྱུད་གཉིས་མ། ཨན་སའེ་སྐེད་རྔ་སོགས་སློབ་ཚན་ཁྲིད་ནས་སློབ་མ་ཚོས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་ཉམས་འགྱུར་གང་ལེགས་ཚོར་ཐུབ་པ་དང་ཀྲུང་ཧྭ་རིག་གནས་ཀྱི་མོས་སེམས་ཆེ་རུ་བཏང་ཡོད། 2021ལོ་ཚུན་ཁོང་གིས“ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཤང་དང་གྲོང་ཚོར་ཁྱབ་གདལ་གཏོང་བའི་རྣམ་གྲངས”ལག་བསྟར་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་དང་དབྱི་མཱ་མུའུ་གྲོང་རྡལ་དུ“ཤིན་ཅང་གི་རིག་གནས་འཚོ་བའི་སྒོ་རྩིས་ཚོང་ཁང”བཙུགས་ཡོད།

    “ཆུ་ཐིགས་རྒྱ་མཚོར་འབྲེལ་ཚེ་ནམ་ཡང་གནས་ཐུབ་པ་དང་། མི་རིགས་ཤིག་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ནང་མཉམ་འདྲེས་ཐུབ་ཚེ་རྒྱུན་མཐུད་འཕེལ་རྒྱས་ཡོང་ཐུབ། ང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་བརྒྱུད་སྤྲོད་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལག་ལེན་པ་ཞིག་བྱ་རྒྱུ་ཡིན”ཞེས་ཁུར་པན·ཉི་ཡ་ཙེས་བརྗོད།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཤིན་ཅང་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པའི་ཐོག་བསམ་བློ་ཆབ་སྲིད་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། དཔའ་ངར་ཆེར་བསྐྱེད་ཀྱི་སྤྱི་ཚོགས་རྣམ་པ་གཏོད་པ། མི་རིགས་ཁག་གི་མང་ཚོགས་ཚོས་དེང་རབས་ཀྱི་ཤེས་དཔལ་འཚོ་བ་དོན་གཉེར་བྱ་རྒྱུར་ཁྲིད་སྟོན་བཅས་བྱེད་དགོས་པའི་ནན་བཤད་གནང་ཡོད” ཤིན་ཅང་དགེ་འོས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཀེ་གོ་ཡིས་སློབ་གྲྭས་ནུས་ཤུགས་ཡོད་རྒུས“དགེ་རྒན་གསར་པ་དང་གསར་བརྗེའི་སློབ་ཚན”གྱི་སྤུས་རྟགས་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་སློབ་ཁྲིད་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་ཧུར་ཐག་བྱས་ཡོད་ཅེས་བརྗོད།

    འཛམ་གླིང་གི་རིག་གནས་ཤུལ་བཞག་དང་། གསར་བརྗེའི་གནས་ཤུལ། རྟེན་རྫས་བཤམས་མཛོད་ཁང་སོགས་ལ་བརྟེན་ནས་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་རྩེ་གྲ(ས་ཚིགས)དང་ལམ་ཐིག་བཏོད་ཅིང་། “རིག་གནས་སྒོ་ར་ཆེ་མོའི”དཔེ་སྟོན་ས་ཚིགས་འཛུགས་སྐྲུན་དང་། “སེ་འབྲུའི་རྡོག”ལྟར་གྱི་རིག་གནས་ཡན་ལག་རུ་ཁག་ཆུང་གྲས་ཀྱི་དམངས་ཕན་ཞབས་ཞུ། “སྐོར་སྐྱོད་རྟེན་རྫས་བཤམས་མཛོད་ཁང”གི་སྐོར་སྐྱོད་འགྲེམས་སྟོན་བཅས་དམ་འཛིན་བྱ་གཞིར་བྱས་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང(ས་ཚིགས)དང་། ཤང་དང་གྲོང་རྡལ(གྲོང་ཚོ)ཕྱོགས་བསྡུས་རིག་གནས་ས་ཚིགས་སོགས་གཞི་རིམ་རིག་གནས་འཐབ་ས་དང་མཉམ་འབྲེལ་བྱས་ནས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བ་དང་ཞུགས་བདེ་བའི་རིག་གནས་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད།

    དམངས་ཕྱུག་ཤིན་དར།

    དམངས་འཚོར་བསྟུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་དེ་ཤིན་ཅང་བརྟན་ལྷིང་ཡོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་བཞག་ནས“འཕེལ་རྒྱས་གཏོང་རྒྱུ་དེ་དམངས་འཚོ་ལེགས་གཏོང་ཐད་དོན་འཁྱོལ་དང་། ས་གནས་དེ་གར་ཕན་པ་སྐྲུན་རྒྱུའི་ཐད་དོན་འཁྱོལ། མཐུན་སྒྲིལ་ཟབ་ཏུ་གཏོང་རྒྱུའི་ཐད་དོན་འཁྱོལ”དང“དམངས་འཚོར་བསྟུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས”པའི་བླང་བྱ་བཏོན་ཡོད།

    ཟླ་5ཚེས་27ཉིན་ཧོར་གོ་སི་ལྕགས་ལམ་འགག་སྒོ་ནས་ཐོན་པའི་རྒྱུན་སྤྱོད་བརྒྱ་ཟོག་དང་འཕྲུལ་ཆས་ཀྱི་ལྷུ་ལག་བྱུར་བུར་བླུགས་པའི་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་ནི་འདི་ལོ་ཤིན་ཅང་ལྕགས་ལམ་འགག་སྒོ་ནས་ཐོན་པའི་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་ཐེངས་5000པ་དེ་ཡིན།

    ཤིན་ཅང་གནའ་བོའི་དར་གོས་ལམ་བུའི་ལྟེ་བའི་ཁུལ་དུ་གནས་ཤིང་། ཤིན་ཅང་དུ་རྟོག་ཞིབ་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་སྐྲུན་པའི་ཁྲོད་ཤིན་ཅང་ལ་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་གནས་བབ་དང་ནུས་པ་ལྡན་ཡོད། ལོ་རྒྱུས་ཀྱི་གོ་སྐབས་དེ་དམ་འཛིན་བྱས་ནས་རང་ངོས་ཀྱི་ས་ཁོངས་རང་བཞིན་གྱི་ཕྱི་ཕྱོགས་སྒོ་དབྱེའི་འཐབ་ཇུས་དེ་རྒྱལ་ཁབ་ཀྱི་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་འཛུགས་སྐྲུན་དང་ནུབ་ཕྱོགས་སུ་སྒོ་མོ་འབྱེད་པའི་སྤྱིའི་བཀོད་སྒྲིག་ནང་མཉམ་འདྲེས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ས་བབ་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་ཕྱི་ཕྱོགས་སྒོ་དབྱེའི་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཕྱི་ཕྱོགས་སུ་སྒོ་མོ་དབྱེ་བའི་རིམ་པ་མཐོ་རུ་གཏོང་བ། སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་གཏོད་བཅས་བྱས་པ་དང་ཉེ་བའི་ལོ་ཤས་རིང་ཤིན་ཅང་གིས་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་གྱི་ལྟེ་བའི་ཁུལ་མགྱོགས་མྱུར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ་སྐམ་སའི་དབུས་ཁུལ་སྒོ་དབྱེ་དང་མཐའ་རྒྱུད་སྒོ་དབྱེའི་མཐོ་ས་བཏོད་ཡོད། ཧོར་གོ་སི་དང་ཨ་ལ་ཧྲན་རི་བོའི་འགག་སྒོ་ཆེན་པོ་གཉིས་ནས་ཤར་གཏོང་ཐུབ་པའི་ཀྲུང་གོ་དང་ཡོ་རོབ(ཨེ་ཤེ་ཡ་དབུས་མ)དུས་གཏན་མེ་འཁོར་གྱི་གཏན་འཇགས་ལམ་ཐིག་57ཟིན་ནས་རིམ་རྩིས་བྱས་ན་ས་མཚམས་ནས་འགྲོ་འོང་བྱེད་པའི་དུས་གཏན་མེ་འཁོར་ཁྲི་5ལས་བརྒལ་ཡོད་པ་རེད།

    “2014ལོའི་ཟླ་4པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀུང་སིར་རྟོག་ཞིབ་གནང་བར་ཕེབས་སྐབས་ཁྱེད་ཚོས་མུ་མཐུད་འབད་བརྩོན་བྱས་ནས་ཤིན་ཅང་གི་ཁྱད་ལྡན་ཐོན་ཁུངས་སྔར་བས་གསར་སྤེལ་ཡག་པོ་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་དང་ཞིང་པའི་འབབ་འཕར་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་མང་ཙམ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད” ཤིན་ཅང་ཤིང་འབྲས་ལས་རིགས་ཚོགས་པའི་ཁོངས་གཏོགས་ཤིན་ཅང་ཤིང་འབྲས་ལས་རིགས་ཏ་ཐང་དར་གོས་ལམ་བུའི་གློག་རྡུལ་ཚོང་དོན་ཚད་ཡོད་ཀུང་སིའི་ལག་བསྟར་ལས་འཛིན་པ་དབྱང་ཡུང་ཞང་གིས“ལོ་དེ་དག་ནང་ང་ཚོས་ཁྱད་ལྡན་ཞིང་ལས་ཐོན་རྫས་ཤིན་ཅང་ནང་ཁུལ་དུ་ཉོ་སྒྲུབ་དང་ཤིན་ཅང་གི་ཕྱིར་བྲིན་ཚོང་བྱེད་པའི‘དྲ་བ་གཉིས’བཟོས་ནས་ཤིན་ཅང་གི་ཤིང་འབྲས་རྒྱལ་ཡོངས་སུ་ཁྱབ་གདལ་བཏང་སྟེ་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་བཏང་ཡོད”ཅེས་བརྗོད། 2021ལོར་ཤིན་ཅང་ཤིང་འབྲས་ལས་རིགས་ཚོགས་པའི་ཤིང་འབྲས་ཐོན་རྫས་གཉེར་སྐྱོང་བྱེད་ཁྱོན་ཏུན་ཁྲི་500ཟིན་པ་དང་། 2019ལོ་ནས་2021ལོ་བར་རིམ་རྩིས་བྱས་ན་གྲོང་གསེབ་ཀྱི་དུད་ཚང་ཁྲི་158.48འབབ་འཕར་ཡོང་བར་སྐུལ་ཁྲིད་ཐུབ་ཡོད།

    ཤིན་ཅང་ལྷོ་ཕྱོགས་ཀྱི་ས་ཁུལ་དང་ཀྲོའུ་བཞིའི་དབུལ་སྒྲོལ་འགག་སྒྲོལ་གྱི་གཡུལ་ས་གཙོ་བོར་དམིགས་ནས་ཤིན་ཅང་གིས་ཐོན་ལས་དབུལ་སྐྱོར་དང་། ལས་ཞུགས་དབུལ་སྐྱོར། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་སོགས་བྱེད་ཐབས་ནུས་ལྡན་རབ་དང་རིམ་པ་སྤྱད་དེ་2020ལོའི་ལོ་མཇུག་ཏུ་སླེབས་སྐབས་དུས་བཀག་ལྟར་ལྗོངས་ཡོངས་ཀྱི་མི་ཁྲི་306.49དབུལ་སྒྲོལ་ཐུབ་པ་དང་། གྲོང་ཚོ་དབུལ་པོ་3666དབུལ་སྒྲོལ་ཐུབ་པ། རྫོང་དབུལ་པོ་35ཡི་དབུལ་ཞྭ་ཕུད་པ་བཅས་ཀྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱས་ནས་ཤིན་ཅང་ལྷོ་ཕྱོགས་ཀྱི་ས་ཁུལ་དང་ཀྲོའུ་བཞིའི་ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་དབུལ་པོ་རྦད་དེ་དབུལ་སྒྲོལ་ཐུབ་ཡོད།

    སྣུམ་ནག་གཞུང་ལམ་ཡངས་ཤིང་རྒྱ་ཆེ་ལ་འདྲོང་པོ་དང་གྱང་དམར་གྱི་སྒོ་ར་ཆུང་ངུའི་ཁྱད་ཆོས་ཟབ་མོ་ལྡན། ད་ཆའི་ཁ་ཧྲེའི་ས་ཁུལ་གྱི་ཧྲུའུ་ཧྥུ་རྫོང་ཨ་ཡ་ཀེ་མན་ཀན་གྲོང་ཚོའི་གྲོང་མིའི་འཚོ་བ་ལོ་རེ་ལས་ལོ་རེ་ཡག་ཏུ་འགྲོ་བཞིན་ཡོད།

    ཡུན་རིང་ཤིན་བསྐྲུན།

    རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་ལས་དོན་ཏན་ཏིག་ངང་ལེགས་པར་བསྒྲུབ་དགོས།

    ཀྲུང་དབྱང་གི་ཤིན་ཅང་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་ཡུན་རིང་པོའི་ནང་ཤིན་ཅང་འཛུགས་སྐྲུན་བྱ་རྒྱུ་མཐའ་འཁྱོངས་དང་། ཐབས་མང་མཉམ་སྤྱོད། སྙིང་རུས་གཏན་འཁྱོངས་བཅས་བྱས་ནས་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་ལས་དོན་ཏན་ཏིག་ངང་བསྒྲུབས་ཏེ་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས་ཞེས་གསུངས་པ་རེད།

    ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་ནི་ཤིན་ཅང་ལས་དོན་གྱི་སྤྱིའི་དམིགས་ཚད་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་སྟོབས་ཤུགས་ཤིག་རེད།

    “ཤིན་ཅང་དུ་དམག་སྡོད་ས་སློག་དང་མཐའ་སྲུང་གི་ལས་འགན་འཁུར་བའི་པིང་ཐོན་འཛུགས་རྒྱུ་ནི་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་བདེ་འགོད་ཀྱི་འཐབ་ཇུས་བཀོད་སྒྲིག་དང་མཐའ་མཚམས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐབས་ཇུས་གལ་ཆེན་ཞིག་རེད”

    2014ལོའི་ཟླ་4པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤིན་ཅང་དུ་རྟོག་ཞིབ་གནང་སྐབས་དུས་བབ་གསར་པའི་འོག་པིང་ཐོན་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ་ལས་ཉམས་ཞན་དུ་གཏོང་མི་རུང་།

    ཤིན་ཅང་གི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་པིང་ཐོན་གྱི་ལས་དོན་དེ་གནས་བབ་གལ་ཆེན་ཐོག་བཞག་ནས་རྩ་བ་དང་། རྨང་གཞི། ཕུགས་བཅས་དང་འབྲེལ་བ་ཡོད་པའི་གནད་དོན་ལ་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀོད་སྒྲིག་དང་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ་པིང་ཐོན་འདི་ཉིད་མཐའ་མཚམས་བདེ་འཇགས་དང་སྲ་བརྟན་དུ་གཏོང་བའི་བརྟན་ལྷིང་ཡོ་ཆས་དང་། མི་རིགས་ཁག་གི་མང་ཚོགས་གོང་བུར་འགྲིལ་བའི་བཞུ་ཐབ། སྔོན་ཐོན་གྱི་ཐོན་སྐྱེད་ནུས་ཤུགས་དང་སྔོན་ཐོན་རིག་གནས་ཀྱི་དཔེ་སྟོན་ཁུལ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས། 2021ལོར་པིང་ཐོན་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་8%འཕར་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་5.6%དང་11.7%སོ་སོར་འཕར་ཡོད་པ་རེད།

    ཁྱིམ་ཞེན་རྒྱལ་ཞེན་གྱི་བརྩེ་སེམས་དེ་ཤིན་ཅང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་ལ་གཏིང་ཟབ་ཟུག་པ།

    2020ལོར་སླེབས་སྐབས་ཝུའེ་ཕེང་ཧྥེ་དང་ཀྲུང་གོ་རྡོ་སྣུམ་སློབ་ཆེན(པེ་ཅིང)ཁེ་ལ་མ་དབྱི་སློབ་ཁུལ་གྱི་སློབ་ཐོན་སློབ་མ་110ལྷག་ཙམ་གྱིས་ཤིན་ཅང་གི་གཞི་རིམ་དུ་ལས་ཀ་བྱེད་པར་བསྐྱོད་རྒྱུའི་གདམ་ག་བྱས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁོང་ཚོར་འཕྲིན་ལན་སྤྲིངས་གནང་ནས་སློབ་མ་ཚོའི་མི་ཚེའི་གདམ་གར་རྒྱབ་སྐྱོར་གནང་བ་མ་ཟད། ཁོང་ཚོར“མི་སྒེར་གྱི་ཕུགས་བསམ་དོན་གཉེར་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁྲོད་མཉམ་འདྲེས་བྱས་ནས་ཏང་དང་། མེས་རྒྱལ། མི་དམངས་བཅས་ཀྱི་ཆེད་དུ་ལེགས་སྐྱེས་མང་ཙམ་འབུལ་དགོས”ཞེས་སྐུལ་ལྕག་གནང་བ་རེད།

    “འཕྲིན་ལན་འབྱོར་རྗེས་ངར་སེམས་འགུལ་ཆེན་པོ་ཐེབས་བྱུང་། སྙན་ངག་དེ་བྲིས་ནས་རང་ཉིད་མཐའ་མཚམས་སུ་གཞིས་ཆགས་པའི་ཆོད་སེམས་དང་ཡིད་ཆེས་མཚོན་པར་བྱས་ཡོད”ཅེས་བརྗོད།

    ད་ཆ་ཝུའེ་ཕེང་ཧྥེ་ཚུད་པའི་སློབ་ཐོན་སློབ་མ་118གིས་ཤིན་ཅང་གི་གཞི་རིམ་གྱི་ལས་གནས་ཐོག་ལས་ཀ་བྱེད་བཞིན་ཡོད་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཁ་གཏད་ཤིན་སྐྱོར་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་ཡིན་པས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱས་ཏེ་ཁ་གཏད་ཤིན་སྐྱོར་ལས་དོན་དེ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་འདུ་འགོད་ཅིག་གཏོད་དགོས” “ཤིན་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་ཤིན་ཅང་དང་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དུས་ཡུན་རིང་པོའི་ནང་ཁ་གཏད་ཤིན་སྐྱོར་མཐའ་འཁྱོངས་ཀྱིས་ཁ་གཏད་ཤིན་སྐྱོར་གྱི་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་གཏོང་དགོས” ཞེས་གསུངས་པ་རེད།

    ཀྲུང་དབྱང་དང་། རྒྱལ་ཁབ་ལས་ཁུངས། ཀྲུང་དབྱང་ཁེ་ལས། དེ་བཞིན་ཤིན་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་19ཡིས་དུས་རབས་གསར་པའི་ཁ་གཏད་ཤིན་སྐྱོར་ལས་དོན་གྱི་ཁ་ཕྱོགས་དང་གཙོ་གནད་ཁོང་དུ་ཡང་དག་ཆུད་པ་དང་ཤིན་ཅང་གི་མི་རིགས་ཁག་གི་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ཏེ་གནད་སྨིན་ཤུགས་འདོན་བྱས་ནས་ཤིན་ཅང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཤིན་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་19ཡིས་རིམ་རྩིས་བྱས་ན་ཤིན་སྐྱོར་མ་དངུལ་སྒོར་དུང་ཕྱུར་766.77བཏང་ཡོད།

    ཡངས་ཤིང་རྒྱ་ཆེ་བའི་ཐ་ལི་མུ་གཤོངས་ས་ནས་འགྱིང་ངེར་གནས་པའི་རི་བོ་ཨར་ཐེ་བར་དང་། བརྗིད་ཉམས་ལྡན་པའི་ཕ་སྨིར་ས་མཐོ་ནས་ཐོན་ཁུངས་འབེལ་བའི་ཐུའུ་ལུའུ་ཧྥན་གཤོངས་ས་བར། དེང་གི་ཤིན་ཅང་གི་ས་གཞི་གཤིན་པོར་གང་སར་རེ་བས་ཁེངས་ཡོད།  (མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ།ཤིན་ཅང་གི་ལེའུ)

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།