དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱི་དཔུང་ཁག་མུ་མཐུད་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-07-01

    ཀྲུང་དབྱང་རྩ་འཛུཌ་པུའི་ཏང་ནང་ཁུལ་གྱི་བསྡོམས་རྩིས་གྲངས་གཞི་གསར་ཤོས་ལས་མངོན་པར། 2021ལོའི་ལོ་མཇུག་བར་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་བསྡོམས་འབོར་ཁྲི་9671.2ཟིན་པ་དེ་ལོ་གོང་མ་ལས་ཁྲི་343.4འཕར་ཡོད་པ་རེད། ཏང་གི་གཞི་རིམ་རྩ་འཛུགས་ཁྲི་493.6ཡོད་པ་དེ་ལོ་གོང་མ་ལས་ཁྲི་11.7འཕར་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་སྲིད་སྐྱོང་ལམ་བུར་ཐོག་མཐའ་བར་གསུམ་དུ་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་བྱེད་པ་དེ་ཏང་འཛུགས་སྐྱོང་བྱེད་པའི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཏུ་བརྩིས་ཏེ་རྒྱུན་ཆད་མེད་པར་ཁྲག་རྒྱུན་གསར་པ་བསྡུ་ལེན་དང་གདོང་ལེན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་བརྒྱབ་ནས་ཏང་ལ་ཐོག་མཐའ་བར་གསུམ་དུ་གསོན་ཤུགས་ཆེན་པོ་དང་འཐབ་ནུས་ཆེན་པོ་ལྡན་པར་བྱས་ཡོད།

    ཏང་ཡོན་དཔུང་ཁག་གི་གཞི་ཁྱོན་སྔར་བས་སྟོབས་ཆེར་ཕྱིན་ཞིང་། ཏང་ཡོན་གྱི་བསྡོམས་འབོར་ལོ་གོང་མ་ལས་3.7%འཕར་བ་དེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོག་སྐབས་ལས་15.9%འཕར་ཡོད་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཡོན་འཕེལ་རྒྱས་གཏོང་བའི་བསྡོམས་འབོར་སྙོམས་སྒྲིག་བྱས་པས་ཏང་ཡོན་གྱི་གྲངས་འབོར་བརྟན་པོའི་ངང་འཕར་ཡོད། 2021ལོར་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་ལས་ལོ་བརྒྱའི་ཏང་གི་ལང་ཚོའི་གསོན་ཤུགས་གང་ལེགས་མངོན་པ་དང་ལས་རིགས་ཁག་དང་ཁྱབ་ཁོངས་ཁག་གི་སྔོན་ཐོན་པས་འཚང་ཁ་ཤིག་ཤིག་ངང་ཏང་ལ་ཞུགས་རྒྱུའི་རེ་འདུན་ཞུས་ཏེ་ལོ་ཧྲིལ་པོར་ཏང་ཡོན་ཁྲི་438.3འཕེལ་རྒྱས་ཕྱིན་པ་དེ་ལོ་གོང་མ་ལས་ཁྲི་195.6འཕར་ཡོད། དེའི་ནང་ཐོན་སྐྱེད་ལས་དོན་གྱི་འཐབ་ས་དང་པོར་ཏང་ཡོན་ཁྲི་231.1ཟིན་པ་དེས་52.7%བཟུང་བ་དང་། ཆེད་ཚན་དང་དེ་ཡན་གྱི་སློབ་རྒྱུས་ལྡན་པའི་ཏང་ཡོན་ཁྲི་211.5ཟིན་པ་དེས་48.3%བཟུང་བ། ལོ་35དང་དེ་མན་གྱི་ཏང་ཡོན་ཁྲི་354.0ཟིན་པ་དེས་80.8%བཟུང་ཡོད་པ་རེད།

    ཏང་ཡོན་དཔུང་ཁག་གི་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་ཞིང་། ཆེད་ཚན་དང་དེ་ཡན་གྱི་སློབ་རྒྱུས་ལྡན་པའི་ཏང་ཡོན་ཁྲི་5146.1ཟིན་པ་དེས་53.2%བཟུང་ནས་ལོ་གོང་མ་ལས་བརྒྱ་ཆའི་གྲངས་1.3འཕར་བ་དང་། བུད་མེད་ཏང་ཡོན་ཁྲི་2843.1ཟིན་པ་དེས་29.4%བཟུང་ནས་ལོ་གོང་མ་ལས་བརྒྱ་ཆའི་གྲངས་1.0འཕར་བ། གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་ཁྲི་728.5ཟིན་པ་དེས་7.5%བཟུང་ནས་ལོ་གོང་མ་ལས་བརྒྱ་ཆའི་གྲངས་0.1འཕར་ཡོད། 2012ལོའི་ལོ་མཇུག་དང་བསྡུར་ན། ཆེད་ཚན་དང་དེ་ཡན་གྱི་སློབ་རྒྱུས་ལྡན་པ་དང་། བུད་མེད། གྲངས་ཉུང་མི་རིགས་བཅས་ཀྱི་ཏང་ཡོན་གྱིས་བཟུང་བའི་བསྡུར་གྲངས་བརྒྱ་ཆའི་གྲངས་13.2དང་། 5.6 0.7བཅས་སོ་སོར་འཕར་ཡོད་པ་རེད། བཟོ་པ་དང་ཞིང་པ་ནི་སྔར་བཞིན་ཏང་ཡོན་དཔུང་ཁག་གི་གྲུབ་ཆ་གཙོ་བོ་ཡིན་ཞིང་། བསྡོམས་འབོར་གྱི་33.6%བཟུང་ཡོད།

    ཏང་ཡོན་གྱི་སློབ་གསོ་དང་དོ་དམ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཅིང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་གཙོ་རྐང་དུ་བཟུང་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་དང་ཟུང་འབྲེལ་བྱས་ཏེ་ཏང་ཡོན་གྱི་སློབ་གསོའི་ལས་དོན་གྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཏང་གི་སློབ་ཚན་ཁྲིད་པ་དང་མིག་དཔེར་སློབ་སྦྱོང་བྱེད་པའི་བྱེད་སྒོ་གཏིང་ཟབ་སྤེལ་བ། ཏང་ཡོན་ལ་སློབ་གསོ་དང་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། རིམ་ཁག་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་ཁྲི་177.3གཉེར་བ། རྫོང་རིམ་པ་ཡན་གྱི་ཏང་ཨུད་ཀྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་མི་ཐེངས་ཁྲི་430.4ལ་གཅིག་སྡུད་ཐོག་རེས་སྐོར་གསོ་སྦྱོང་བཅས་བྱས་པས་སློབ་གསོའི་སྤུས་ཚད་མུ་མཐུད་ལེགས་སུ་ཕྱིན་ཡོད། ཏང་གི་རྩ་འཛུགས་འཚོ་བ་སྔར་བས་ཚད་ལྡན་དང་ནན་དུ་བཏང་ཞིང་། ཏང་ཀྲི་པུའུ་ཁྲི་424.8ཀྱིས་ཆེད་དོན་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་འཚོགས་པ་དང་ཏང་ཡོན་ལ་དམངས་གཙོའི་དཔྱད་མོལ་བྱས་ཡོད།

    གཞི་རིམ་ཏང་རྩ་འཛུགས་ཟམ་མི་ཆད་པར་སྲ་བརྟན་དུ་སོང་ཞིང་། རྒྱལ་ཡོངས་སུ་ཁྱོན་བསྡོམས་གཞི་རིམ་ཏང་ཨུད་ཁྲི་27.8དང་། སྤྱི་ཁྱབ་ཀྲི་པུའུ་ཁྲི་31.6 ཀྲི་པུའུ་ཁྲི་434.2བཅས་བཙུགས་ཡོད་པ་དང་། རྩ་འཛུགས་ཀྱི་བཀོད་སྒྲིག་སྔར་བས་ཚན་རིག་དང་མཐུན་ཞིང་ཚད་དང་ལྡན་པར་གྱུར་ཡོད། ལོ་ཧྲིལ་པོར་གཞི་རིམ་ཏང་རྩ་འཛུགས་ཁྲི་178.2སྐབས་བརྗེ་ལེགས་གྲུབ་བྱུང་བ་དང་གྲོང་གསེབ་དང་སྡེ་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པའི་དཔུང་ཁག་སྔར་བས་ལེགས་སུ་ཕྱིན་ཡོད། གྲོང་ཚོ་དང་སྡེ་ཁུལ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་ཁྲོད་ཆེད་ཚན་དང་དེ་ཡན་གྱི་སློབ་རྒྱུས་ལྡན་པའི་མི་གྲངས་ཀྱིས་40.8%དང་77.7%སོ་སོར་བཟུང་ནས་ལོ་གོང་མ་ལས་བརྒྱ་ཆའི་གྲངས་14.3དང་10.3སོ་སོར་འཕར་བ་དང་། ལོ་35དང་དེ་མན་གྱི་མི་གྲངས་ཀྱིས་12.5%དང་18.2%སོ་སོར་བཟུང་ནས་ལོ་གོང་མ་ལས་བརྒྱ་ཆའི་གྲངས་4.5དང་5.0སོ་སོར་འཕར་ཡོད་པ་རེད། ཏང་ཀྲུང་དབྱང་གིས་གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་ཁྲིད་སྟོན་མངོན་གསལ་དོད་པོའི་འོག་ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་ཐེབས་པ་དང་། གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་ཐོན་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་པ། ཆབ་སྲིད་ཀྱི་ནུས་པ་དང་། སྒྲིག་འཛུགས་བྱེད་ནུས། གོང་བུར་སྒྲིལ་ནུས་བཅས་སྔར་བས་ཆེ་རུ་ཕྱིན་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་མཁར་རྫོང་གི་ནུས་པ་དང་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་མངོན་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།