
འདི་ནི་ཉག་ཆུའི་ཆུ་གཉིས་མདོའི་ཆུ་ཤུགས་གློག་ཁང་གི་ཡུལ་ལྗོངས་ཧྲིལ་པོ་ཡིན་པ།
《མི་དམངས་ཉིན་རེའི་ཚགས་པར》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་3ཚེས་18ཉིན། རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་ཆན་ཝ་ཁྲི་བརྒྱ་རིམ་པའི་ཆུ་ཤུགས་གློག་ཁང་སྟེ་ཉག་ཆུའི་ཆུ་གཉིས་མདོའི་ཆུ་ཤུགས་གློག་ཁང་གི་འཕྲུལ་ཚན་མཇུག་ཤོས་ཆུ་ཚོད་72འཁོར་རྒྱུག་ཚོད་ལྟ་ལེགས་གྲུབ་བྱུང་ནས་ཚོང་ལས་ཐད་དངོས་སུ་སྤྱོད་འགོ་ཚུགས་པ་རེད། དེ་ནས་བཟུང་། ཆུ་གཉིས་མདོའི་ཆུ་ཤུགས་གློག་ཁང་གི་འཕྲུལ་ཚན་6ཚང་མ་ནས་གློག་གཏོང་འགོ་ཚུགས་པ་དང་། ལོ་རེར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་110ཟིན་གྱི་ཡོད་པ་རེད། འཕྲུལ་ཚན་ཡོངས་སྤྱོད་འགོ་ཚུགས་རྗེས་ཉག་ཆུ་རྒྱུག་ཁུལ་གྱི་ཆུ་རླུང་འོད་གསུམ་གྱི་ནུས་རྒྱུ་གཙང་མ་མཐུན་སྦྱོར་གསར་སྤེལ་དང་ལེགས་ཆ་གསབ་རེས་ཐུབ་ཀྱི་ཡོད།
ཆུ་གཉིས་མདོའི་ཆུ་ཤུགས་གློག་ཁང་དེ་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་རུ་གནས་པ་དང་། ཆ་སྙོམས་ས་བབ་སྨི་3000ཟིན་ཞིང་། འདི་ནི་རྒྱལ་ཁབ་དང་སི་ཁྲོན་ཞིང་ཆེན་གྱི་གཙོ་གནད་ལས་གྲྭ་དང་ནུབ་རྒྱུད་ཐོན་འབྱེད་ཆེན་པོའི་ནུས་རྒྱུའི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་ལེགས་སྒྲིག་བྱེད་པའི་འཐབ་ཇུས་ཀྱི་ལས་གྲྭ་ཞིག་རེད་ལ། རྒྱལ་ཁབ་ཀྱི་ཆུ་གློག་གསར་སྤེལ་མཐོ་གྲང་ས་ཁུལ་དུ་འཕེལ་རྒྱས་བཏང་བའི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་ཞིག་ཀྱང་རེད། ལས་གྲྭ་དེའི་ཞིབ་དཔྱད་ཆོག་འཐུས་བྱས་པའི་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་664.57ཟིན་པ་དང་། སྤྱིའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ལ་ཆན་ཝ་ཁྲི་300ཟིན་ཡོད། 2021ལོའི་ཟླ་9པར་འཕྲུལ་ཚན་ཁག་དང་པོ་ནས་གློག་གཏོང་འགོ་ཚུགས་ཚུན། རིམ་རྩིས་ལྟར་ན། ཆུ་གཉིས་མདོའི་ཆུ་ཤུགས་གློག་ཁང་གིས་འབྱུང་འཕྲོད་གློག་ནུས་ཆུ་ཚོད་ཆན་ཝ་དུང་ཕྱུར་23ལྷག་ཙམ་གཏོང་ཐུབ་ནས། ནུས་རྒྱུའི་བདེ་འཇགས་འགན་ལེན་དང་འབྱུང་འཕྲོད་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། དགེ་མཚན་ལྡན་པའི་ནུས་པ་ཐོན་གྱི་ཡོད།