དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

  • ཡོང་ཁུངས།  ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།   |     སྤེལ་དུས།  2021-01-21

    འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དྲ་ཚིགས་ཀྱི།

    གཞི་གྲངས་གསར་ཤོས་ལས་མངོན་པར་གཞིགས་ན།

    ཡོ་རོབ་གླིང་དབུས་རྒྱུད་ཀྱི་ཚེས16ཉིན་གྱི་ཆུ་ཚོད17དང་སྐར་མ52བར།

    (པེ་ཅིང་གི་དུས་ཚོད་ཚེས17ཉིན་གྱི་ཆུ་ཚོད0དང་སྐར་མ5ཐོག)

    གོ་ལ་ཧྲིལ་པོའི་ཚེ་་འདས་ནད་དཔེ།

    ཉིན་སྔོན་མ་དང་བསྡུར་ན་ནད་དཔེ14718ཇེ་མང་དུ་ཕྱིན་ནས།

    ཚེ་འདས་ནད་དཔེ2001773ཟིན་པ་རེད།

    W020210121364690088117.jpg

    མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

    ཏོག་གསར་ནད་དུག་རྒྱུད་འགྱུར་གྱིས་རིམས་འགོག་ལ་ཚོད་བགམ་བྱས།

    གཞི་གྲངས་ལས་མངོན་པར། གོ་ལ་ཧྲིལ་པོར་རིམ་རྩིས་བྱས་ན་ད་བར་ནད་དཔེ་གཏན་འཁེལ་བྱུང་ཚད་ཁྲི9300ལས་བརྒལ་འདུག  ཨ་རི་ནས་རིམ་རྩིས་བྱས་ན་ནད་རྟགས་གཏན་འཁེལ་བྱུང་བ་དང་ཚེ་འདས་ནད་དཔེ་ཆ་སྙོམས་ཀྱིས་འཛམ་གླིང་ཐོག་མཐོ་ཤོས་ཡིན་ལ་སོ་སོར་ཁྲི2300ལྷག་ཙམ་དང་ཁྲི39ཙམ་ཡིན། རྒྱ་གར་དང་པར་ཙིར་དུ་རིམ་རྩིས་བྱས་ན་ནད་དཔེ་གཏན་འཁེལ་བྱུང་ཚད་གོ་ལ་ཧྲིལ་པོའི་ཨང་གཉིས་པ་དང་གསུམ་པར་གནས། ཡོ་རོབ་གླིང་དུ་སླར་ཡང་རིམས་ནད་ཀྱི་གནས་ཚུལ་ཐོན་ནས་ནད་ཡམས་མཆེད་པའི་ལྟེ་བ་ཞིག་ཏུ་གྱུར། ལ་ཏིང་མེ་གླིང་དང་ཨ་ཧྥེ་རི་ཁ་གླིང་དུ་རིམ་རྩིས་བྱས་ན་ནད་དཔེ་གཏན་འཁེལ་བྱུང་བའི་གྲངས་འབོར་སོ་སོར་ཁྲི1500ལྷག་དང་ཁྲི300ལས་བརྒལ་བ་རེད།

    ལོ་འགོ་ཚུགས་ཚུན་གོ་ལ་ཧྲིལ་པོར་རིམ་རྩིས་བྱས་ན་ནད་དཔེ་གཏན་འཁེལ་བྱུང་བའི་གྲངས་འབོར་མུ་མཐུད་དུ་ཆེ་ཆེར་འཕར་བ་དང་ཚེ་འདས་ནད་དཔེ་ཡང་མང་དུ་ཕྱིན་ཡོད། དབྱིན་ཇིའི་སྨྱན་སྦྱོར་གྱིས་བསྡོམས་རྩིས་བྱས་པ་ལྟར་ན། 2021ལོར་སླེབས་དུས་ཏོག་གསར་ནད་དུག་གིས་ཉིན་རེར་ཆ་སྙོམས་ཀྱིས་ཚེ་འདས་ཚད11900ལས་བརྒལ་བ་རེད།

    ཏོག་གསར་ནད་དུག་རྒྱུད་འགྱུར་བྱུང་བས་རིམས་ནད་ཀྱི་གནས་ཚུལ་སྔར་ལས་རྙོག་འཛིང་ཅན་དུ་གྱུར་ཞིང་། ན་ནིང་ལོ་མཇུག་ཏུ་དབྱིན་ཇིས་སྙན་ཞུ་ཕུལ་བའི་ནང་ཁྱབ་སྤེལ་ནུས་པ་དེ་བས་ཆེ་བའི་རྒྱུད་འགྱུར་ཏོག་གསར་ནད་དུག་ཤེས་རྟོགས་བྱུང་བ་ནས་བཟུང་། རྒྱལ་ཁབ་དང་ས་ཁུལ་མང་པོ་ཞིག་གིས་དབྱིན་ཇིར་ཤེས་རྟོགས་བྱུང་བའི་རྒྱུད་འགྱུར་ཏོག་གསར་ནད་དུག་འགོས་པའི་ནད་དཔེ་གཅིག་རྗེས་གཉིས་མཐུད་ངང་སྙན་སེང་ཞུས་པ་དང་། རྒྱལ་ཁབ་ཁག་གཅིག་གིས་ད་དུང་རིགས་མི་འདྲ་བའི་རྒྱུད་འགྱུར་ཏོག་གསར་ནད་དུག་ཀྱང་ཤེས་རྟོགས་བྱུང་ཡོད།

    W020210121364690428972.jpg

    ཟླ་དང་པོའི་ཚེས15ཉིན། པར་ཙིར་ཡ་མ་སུན་ཀྲོའུ(巴西亚马孙州)ཡི་ལྟེ་བའི་གྲོང་ཁྱེར་མ་ནའོ་སི(马瑙斯)རུ་པར་ཙིར་མཁའ་དམག་གི་སྨན་དོན་མི་སྣས་ཏོག་གསར་ནད་དུག་ཕོག་པའི་ནད་པ་ཞིག་ཀྲུའུ་གཞན་དུ་སྐྱེལ་རྩིས་ཡོད་པ་རེད། པར་ཙིར་གྱི་རྒྱ་ཁྱོན་ཆེ་ཤོས་ཡིན་པའི་ས་ཁུལ་ཡ་མ་སོན་ཀྲོའུ་(亚马孙州)རུ་ཐེངས་གཉིས་ལ་ཏོག་གསར་རིམས་ནད་ཚབས་ཆེན་ཕོག་པས་ས་གནས་དེ་གའི་སྨན་ཁང་གིས་ཁུར་པོ་ལྕི་མོར་འགྱུར།

    འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཡོ་རོབ་ས་ཁོངས་དོན་གཅོད་ཁྲུའུ་ཡི་ཀྲུའུ་རེན་ཁེ་ལུའུ་ཀེ(克卢格)ཡིས་ཉིན་ཤས་གོང་བསྟན་དོན། 2021ལོར་སླེབས་སྐབས་འཛམ་གླིང་ལ་རིམས་འགོག་སྨན་ཁབ་སོགས་ཏོག་གསར་རིམས་ནད་ལ་ཁ་གཏད་གཅོག་པའི་ལག་ཆ་གསར་པ་ལྡན་ཡང་།རྒྱུད་འགྱུར་ཏོག་གསར་ནད་དུག་སོགས་ཀྱི་འགལ་རྐྱེན་ཡང་དུས་མཚུངས་སུ་འཕྲད་ཡོད། གལ་ཏེ་ཚོད་འཛིན་ལ་ཤུགས་སྣོན་མ་བྱས་ཚེ་མིག་སྔར་གནོན་ཤུགས་ཐེབས་པའི་སྨན་བཅོས་མ་ལག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་ཡིན་ཟེར།

    ཨ་རིའི་རིམས་ནད་ སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཏོག་གསར་རིམས་ནད་ཀྱི་འགན་འཁུར་བ་ཧེང་ལི་ཝོ་ཁེ (亨利•沃克)ཡིས་དུས་ཀྱི་འགྲོས་དང་བསྟུན་ནས་རྒྱུད་འགྱུར་ཏོག་གསར་ནད་དུག་དེ་བས་མང་བ་ཐོན་སྲིད་པའི་ངོས་འཛིན་བྱེད་ཀྱིན་ཡོད།

    མཐུན་སྒྲིལ་བྱས་ནས་རིམས་འགོག་བྱ་བ་ནི་ཡང་དག་པའི་ཐབས་ལམ་ཞིག་ཡིན།

    རིམས་ནད་སྔོན་འགོག་ཚོད་འཛིན་ལ་སྡུག་ཐོག་སྡུག་བརྩེགས་བྱེད་པ་ནི་རིམས་ནད་ཆབ་སྲིད་ཅན་དང་། ནད་དུག་མཚོན་རྟགས་ཅན། “འགོག་ཁབ་རྒྱལ་ཁབ་རིང་ལུགས”སོགས་ཀྱི་བྱ་སྤྱོད་ཀྱིས་གོ་ལ་ཧྲིལ་པོའི་མཐུན་སྒྲིལ་བྱས་ཏེ་རིམས་ནད་ལ་ཁ་གཏད་གཅོག་པའི་ལམ་བུར་འགོག་རྐྱེན་བཟོ་བཞིན་ཡོད།

    རིམས་ནད་ཚབས་ཆེ་ཤོས་ཀྱི་ཨ་རིར་ཉིན་བཞིན་ཇེ་སྡུག་ཏུ་འགྲོ་བའི་སྤྱི་ཚོགས་ཁ་ཕྲལ་གྱི་བཀའ་རྒྱ་དང་རིམས་ནད་ཀྱི་སྐྱོན་ཆ་མང་པོ་ཐོན་གྱིན་ཡོད། རིམས་ནད་སྔོན་འགོག་བྱ་ཐབས་དང་།  ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ ། འགོག་ཁབ་རྒྱག་པ། སྨན་བཅོས་ཐོན་ཁུངས་བགོ་བཤའ་སོགས་ཀྱི་གནད་དོན་ལ་དམིགས་ཏེ་ཀྲོའུ་ཁག་དབར་དང་། ས་གནས་སྲིད་གཞུང་དང་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་དབར་སྙོམ་སྒྲིག་བྱེད་དཀའ་བར་བརྟེན་ནས། ཕྱོགས་རྐྱང་པའི་རིང་ལུགས་དང“རང་འགན་གཞན་དཀྲི”ཡི་འགན་འཁྲི་འདེད་པའི་བྱེད་སྟངས་དེས་གོ་ལ་ཧྲིལ་པོའི་རིམས་འགོག་བྱ་བར་ཁྱོན་ཡོངས་ནས་འགོག་རྐྱེན་ཚབས་ཆེན་བཟོས་པ་དང་། “ཨ་རིར་སྔོན་ཐོབ”བྱས་པ་དེ་གོ་ལ་ཧྲིལ་པོའི་རིམས་འགོག་མཉམ་ལས་བྱེད་པའི“བཀག་རྡོ”ལྟ་བུར་གྱུར་ཡོད། ཨ་རིའི་ཆབ་སྲིད་ཉེན་ཁ་བློ་འདྲི་ཀུང་སིའི་ཡོ་རོབ་དང་ཨེ་ཤེ་ཡ་ཚོགས་པས་ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པའི“2021ལོའི་འཛམ་གླིང་གི་ཉེན་ཁ་ཆེན་པོ་བཅུའི”སྙན་ཞུའི་ནང་། ཏོག་གསར་ནད་དུག་གི་ཉམས་ཉེན་སོགས་གོ་ལ་ཧྲིལ་པོའི་ཉེན་ཁ་མང་པོ་ཞིག་ཨ་རི་དང་འབྲེལ་བ་ཡོད།

    W020210121364690497679.jpg

    ཟླ་དང་པོའི་ཚེས9ཉིན། ཨ་རིའི་ཉིའུ་ཡུའེ་ཡི་སྒོ་རྩིས་ཚོང་ཁང་ཞིག་གི་འགྲུལ་བ།

    གཞན་ཡང་ཏོག་གསར་འགོག་ཁབ་ཐོན་པ་དང་གཞི་ཁྱོན་ཆེ་བའི་འགོག་ཁབ་བརྒྱབ་པ་དེས་འཛམ་གླིང་གི་རིམས་ནད་གནས་ཚུལ་ལས་རྣམ་པར་རྒྱལ་རྒྱུར་རེ་བ་ཡོད་ཀྱང་། མིག་སྔར་གོ་ལ་ཧྲིལ་པོའི་འགོག་ཁབ་ཀྱི་དགོས་མཁོར་ད་དུང་སྟོང་ཆ་ཆེན་པོ་འཕྲད་ཅིང་། ཀུའུ་ཐེ་ལེ་སིས་ཡོང་འབབ་མཐོ་བའི་རྒྱལ་ཁབ་ལ་མགྱོགས་མྱུར་སྒོས་ཏོག་གསར་འགོག་ཁབ་ཐོབ་བཞིན་ཡོད་པ་དང་། རྒྱལ་ཁབ་ཁག་གཅིག་གིས་རྒྱལ་ཁབ་དེ་གའི་དགོས་མཁོ་ལས་བརྒལ་བའི་འགོག་ཁབ་ཉོ་སྒྲུབ་བྱས་པ་དང་ཆེས་དབུལ་བའི་རྒྱལ་ཁབ་ལ་འགོག་ཁབ་དང་འབྲེལ་བ་མེད་ཟེར། ཁོང་གིས་འགོག་ཁབ་ཐོན་སྐྱེད་བྱེད་མཁན་ཚོང་པ་ཚོར་འགོག་ཁབ་འདང་ངེས་མཁོ་འདོན་དང་དྲང་གཞག་བགོ་བཤའ་འགན་ལེན་བྱ་རྒྱུའི་སྐུལ་ལྕག་གནང་བ་རེད།

    ཀུ་ཐེ་ལེ་སིས་ད་དུང“འགོག་ཁབ་རྒྱལ་ཁབ་རིང་ལུགས”ཀྱི་གནད་དོན་ལ་སེམས་ཁྲལ་ཆེན་པོ་བྱེད་ཀྱིན་ཡོད། ཁོང་གིས་རྒྱལ་ཁབ་ཁག་གི་སྲིད་གཞུང་ལ་རྒྱལ་ཁབ་དེ་གའི་མི་དམངས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཡོད་ཀྱང“འགོག་ཁབ་རྒྱལ་ཁབ་རིང་ལུགས”ལག་ཏུ་བསྟར་བ་དེས་མཇུག་འབྲས་ངན་པ་ཐོན་པས་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་བྱ་རྒྱུ་འགོར་འགྱངས་བྱེད་སྲིད་ཅེས་གསུངས་པ་རེད།

    “འགོག་ཁབ་རྒྱལ་ཁབ་རིང་ལུགས”སམ་ཡང་ན“འགོག་ཁབ་མི་རིགས་རིང་ལུགས”ཟེར་བའི་གནད་དོན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སེམས་ཁྲལ་ཆེན་པོ་བྱེད་ཀྱིན་ཡོད། ཨ་རིའི་ལན་ཏེ་ཀུང་སིས་ན་ནིང་ལོ་མཇུག་གི་སྙན་ཞུ་ཞིག་གི་ནང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཁག་གཅིག་གིས་རྒྱལ་སྤྱིའི་ཐོག་འགོག་ཁབ་འབོར་ཆེན་ཉོ་སྒྲུབ་བྱས་པ་དེས་དཔལ་འབྱོར་འཕེལ་རྒྱས་ཞན་པའི་རྒྱལ་ཁབ་ལ་འགོག་ཁབ་ཐོབ་དཀའ་བའི་རྐྱེན་གྱིས་རིམས་ནད་ཚོད་འཛིན་བྱ་ཐབས་བྲལ་བ་མ་ཟད། གོ་ལ་ཧྲིལ་པོའི་རིམས་ནད་འགོག་བཅོས་ཀྱི་ཁྱོན་ཡོངས་ལ་དེ་བས་ཟིང་ཆ་སློང་གིན་ཡོད།

    འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏེ་སའེ(谭德塞)ཡིས་ཟླ་འདིའི་ཚེས8ཉིན་གསར་འགོད་པའི་ཚོགས་འདུའི་ཐོག ཏོག་གསར་འགོག་ཁབ་དེ་ཡོང་འབབ་མཐོ་བའི་རྒྱལ་ཁབ་དང་ཡོང་འབབ་འབྲིང་དམའི་རྒྱལ་ཁབ་དབར་དྲང་གཞག་བགོ་བཤའ་རྒྱག་རྒྱུ་དེ་གནད་དོན་གཙོ་བོར་གྱུར་ཅིང་། མིག་སྔར་རྒྱལ་ཁབ42ཀྱིས་ཏོག་གསར་འགོག་ཁབ་རྒྱག་རྒྱུ་ཁྱབ་གདལ་གཏོང་བཞིན་ཡོད་པ་དེའི་ནང་རྒྱལ་ཁབ36ནི་ཡོང་འབབ་མཐོ་བའི་རྒྱལ་ཁབ་ཡིན་པ་དང་དེ་འཕྲོས་རྒྱལ་ཁབ6ནི་ཡོང་འབབ་འབྲིང་བའི་རྒྱལ་ཁབ་རེད། ཡོང་འབབ་དམའ་བའི་རྒྱལ་ཁབ་དང་ཡོང་འབབ་འབྲིང་བའི་རྒྱལ་ཁབ་མང་ཆེ་བར་སྔར་བཞིན་སྨན་ཁབ་རྒྱག་འགོ་ཚུགས་མེད་ཟེར།

    “‘འགོག་ཁབ་མི་རིགས་རིང་ལུགས’ཀྱིས་ང་ཚོ་ཚང་མར་གནོད་འཚེ་གཏོང་གིན་ཡོད་ལ། དུས་མཚུངས་སུ་མི་རྣམས་ལ་རང་སྡུག་རང་གི་ཉོ་བཞིན་ཡོད”ཅེས་ཐན་ཏེ་སའེ་ཡིས་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།